རྩོམ་པ་པོ། རྨེའུ་རྐང་ཐང་བ།
སུམ་རྟགས་གཉིས་ཐོན་མིས་བརྩམས་པ་མིན་པའི་རྒྱུ་མཚན་ཆེན་པོ་བཅུ་ཞེས་པའི་རྩོམ་ཡིག་ལ་བརྒལ་ལན་དུ་ཕུལ་པ།
སྤྱིར་ང་རང་དགག་རྩོམ་དང་དགག་ཡིག་སྤེལ་བ་ལ་དེ་འདྲའི་དགའ་བོ་མེད་མོད། ད་ཐེངས་དྲ་ཚུགས་ཤིག་ཏུ་བེ་རུ་རྒྱལ་སྲས་ཟེར་བ་ཞིག་གིས་སུམ་རྟགས་གཉིས་ཐོན་མིས་བརྩམས་མིན་ལ་དོགས་སློང་གི་རྩོམ་ཡིག་ཅིག་སྤེལ་བྱུང་། རྩོམ་ཡིག་འདིའི་བརྗོད་བྱ་འདི་གྲོགས་ཁོང་གིས་ཐོག་མར་བྲིས་པ་དང་དོགས་སློང་བྱས་པ་མ་ཡིན་ཏེ། དིའི་སྐོར་ནས་ཐོག་མར་དོགས་སློང་བྱེད་མཁན་ཆབ་སྤེལ་ཚེ་བརྟན་རེད། དེའི་རྗེས་སུ་འབྲངས་ནས་བོད་ཀྱི་རིག་གཞུང་ལ་འཇུག་མཁན་རེ་ཟུང་གིས་བདེན་མདོག་གི་མགོ་བོ་ལྡེམ་གྱིན་འདུག་ནའང་། དགག་སྒྲུབ་དེ་ནི་ཅུང་ཁ་ཚང་བའི་ཟོལ་ཞིག་མི་འདུག
དང་བོ།
གང་ལྟར་བེ་རི་རྒྱལ་སྲས་ཀྱིས་༼སྔོན་གྱི་ལོ་རྒྱུས་ཡིག་རྙིང་ཀུན་གྱི་ནང་དུ་ཐོན་མིས་བརྩམས་པའི་སུམ་རྟགས་གཉིས་ཞེས་པ་ཟུར་ཙམ་ཡང་མི་རྙེད་དེ༽ཞེས་ཀུན་གྱི་ནང་དུ་མི་འདུག་ཅེས་ཁ་ཚོད་བཅད་འདུག་པར་དོགས་སློང་བྱ་བར་འདི་ཡོད་དེ། སྔོན་གྱི་ལོ་རྒྱུས་ཡིག་རྙིང་རེ་ཟུང་དུ་མེད་ན་མེད་པའི་རྒྱུ་མཚན་དང་ཡོད་ན་ཁྱོད་ཀྱིས་མཐོང་ངེས་པའི་རྒྱུ་མཚན་ག་རེ་ཡོད། ༼ཡེ་ནས་གྲགས་ཐོས་མེད་པས་མཚོན་ཐུབ༽ཅེས་པ་ཡང་མ་ལགས་ཏེ། ཡིག་རྙིང་དུ་བརྩི་ཆོག་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་དུ། ཐོན་མི་མདོ་རྫས་སྒྲ་མདོ་དང་། །སུམ་ལ་སོགས་བརྡ་སྤྲོད་ཀྱི།། ཞེས་པའི་ཚིག་ལྟ་བུ་ཡིག་རྙིང་དང་ཁོང་མཁས་པ་ཚད་ལྡན་དུ་འཛིན་སྲིད་དམ། ལྷག་པར་ཁྱོད་ཀྱིས་༼ཇོ་སྲས་དང་ལྡེའུ། རྒྱ་བོད་ཆོས་འབྱུང་༽གསུམ་དུ་མེད་པས་མེད་པར་བརྩི་ན་དེ་གསུམ་དུ་ཉེ་རབས་ལོ་རྒྱུས་དང་བོད་ཀྱི་གནའ་རབས་ལོ་རྒྱུས་སུ་གསལ་བའི་མི་སྣ་རེ་ཟུང་ལྟ་བུ་མེད་པས་དེ་འདྲ་བ་མེད་ཟེར་རྒྱུ་ཡིན་ནམ། ད་དུང་ཡི་གེའི་སྦྱོར་བ་དང་སུམ་རྟགས་གཉིས་འདྲ་བའི་ཆ་འདུག་པས་དེ་གཉིས་གཅིག་ཏུ་འདོད་ན། སྔོན་གྱི་ལོ་རྒྱུས་ཡིག་ཆ་མང་བོ་ནང་ཕན་ཚུན་འདྲ་བོ་འདུག་པ་དེ་དག་གཅིག་རེད་ཅེས་ལབ་རྒྱུ་ཡིན་ནམ།
གཉིས་པ།
ཐོན་མིའི་སུམ་རྟགས་གཉིས་དུས་རབས་བདུན་པའི་ནང་དུ་བརྩམས་མིན་ལ། གྲོགས་ཀྱིས་༼སུམ་རྟགས་གཉིས་མགོ་ནས་མཇུག་བར་ཐེངས་ག་ཚོད་ཀློག་ཀྱང་ང་ཚོས་མ་གོ་བའི་བརྡ་རྙིང་ཚིག་འབྲུ་གཅིག་ཀྱང་མི་རྙེད་པ་དེ་རང་གིས་དུས་རབས་བདུན་པའི་སྐབས་ཀྱི་གཞུང་ཞིག་མིན་པར་གོ་ཐུབ༽ ཅེས་པ་གོ་མི་ཐུབ་པའི་བརྡ་རྙིང་མེད་པ་བདེན་དུ་ཆུགས་ཀྱང་། རྩོམ་སྟངས་ཀྱི་ཆ་ནས་དུས་སྐབས་དེའི་རྩོམ་སྲོལ་དང་ཧ་ཅང་ཐག་ཉེ་བོ་འདུག་སྟེ། སྐབས་དེར་ལྡེའུ་ཚིག་གི་ལམ་ནས་འབྲི་སྲོལ་དེ་སྤྱད་ནས་བྲིས་ཡོད་པ་དེ་སློབ་དཔོན་ཁོང་གི་བརྩམས་པའི་བདེན་དཔང་ཞིག་ཏུ་བརྩིས་ན་ཅིས་མི་ཆོག
གསུམ་པ།
ཁོང་གིས་ད་དུང་དོན་ཚན་གསུམ་པར། ༼ཆོས་རྒྱལ་སྐབས་ཀྱི་རྡོ་རིང་ལ་སུམ་རྟགས་ཀྱི་སྒྲིག་སྲོལ་དང་མི་མཐུན་པ་མང་བ། ཞེས་གསུངས་པ་ལ་དོགས་སློང་འདི་ཡོད་དེ། སྐབས་དེའི་རྡོ་རིང་ནི་ལོ་རྒྱུས་ཀྱི་བདེན་དཔང་གལ་ཆེན་ཞིག་ཡིན་པ་བདེན་མོད། རྡོ་རིང་ངོའི་ཡི་གེ་ནི་སློབ་དཔོན་ལྟ་བུའི་ཤེས་ཡོན་པས་བཀོད་སྒྲིག་དང་ཁོང་ལྟ་བུ་དངོས་ཕེབས་ཀྱིས་བྲིས་པ་མ་ཡིན་པར་བོད་ཀྱི་སྲིད་དོན་གྱི་འགན་དབང་ཁུར་བའི་བློན་པོ་ཚོས་བྲིས་པ་ཡིན་ཚུལ་རྡོ་རིང་ངོས་སུ་གསལ་བོར་ཡིན་པས། རྡོ་རིང་དང་ཏུན་ཧོང་ཡིག་རྙིང་སོགས་སུ་མེད་པས་མེད་གོ་ཆོད་པའི་ཤེས་རབ་གཤོག་ཡས་མ་ཞིག་ཁྱོད་ལ་སུས་བྱིན་བྱུང་། ལྷག་ཏུ་རྡོ་རིང་ངོས་སུ་སུམ་རྟགས་གཉིས་ཀྱི་ཚིག་སྦྱོར་མི་མཐུན་པ་ཡོད་པས་སློབ་དཔོན་གྱིས་བརྩམས་པ་མ་ཡིན་པའི་བདེན་ཁ་ཞིག་དེ་བས་ཀྱང་མི་འདུག དེ་ལས་ཀྱང་སུམ་རྟགས་གཉིས་སློབ་དཔོན་གྱིས་བརྩམས་པ་ཡིན་ནའང་། སྐབས་དེར་སུམ་རྟགས་ཀྱི་སྤྱོད་དགོས་སྤྱི་ཚོགས་སུ་དར་ཁྱབ་ཆེར་རྒྱས་ངེས་པའི་ཁ་ཚོད་སུ་ཡིས་གཅོད།
བཞི་བ།
ཡང་གྲོགས་པོས༼གལ་ཏེ་སུམ་རྟགས་གཉིས་ཐོན་མིས་བརྩམས་ཡོད་ན་ས་པཎ་བར་སུམ་རྟགས་ཀྱི་འགྲེལ་པ་གཅིག་ཀྱང་མ་བྱུང་བ་ཅི་ཞིག་ཡིན༽་ཞེས་པ་ལ་དོགས་སློང་གི་རིགས་པ་འདི་ཡོད་དེ། ས་པཎ་ཡར་སྔོན་དུ་བྲིས་པའི་སུམ་རྟགས་ཡོད་མེད་ད་དུང་བོད་ཀྱི་ཆེད་མཁས་པས་དཔྱད་ཞིབ་བྱེད་བཞིན་པའི་སྒང་ཡིན་མོད། ཁྱོད་ཀྱིས་དེའི་ཡར་སྔོན་དུ་མ་བྱུང་བ་ངས་མ་མཐོང་བའི་ཕྱིར་ཞེས་རྟགས་འགོད་རྒྱུ་ཡིན་ནམ། དེ་མིན་ན་ཅུང་ཁ་ཚོད་གཅོད་སྔ་བའི་སྐྱོན་ཞིག་ངང་ངམ་ཤུགས་ཀྱིས་འོང་གིན་འདུག དེ་ལས་ཀྱང་ཡ་མཚན་པ་ཞིག་ལ། ༼བོད་པ་རྣམས་རྩ་བ་ཞིག་བྱུང་ན་འགྲེལ་བ་འབྲི་རྒྱུ་ལ་ཤིན་ཏུ་དགའ་བོ་ཞིག་ཡིན་ཏེ༽ཞེས་མངོན་རྟོགས་རྒྱན་རྒྱལ་བོ་རང་གིས་འགྲེལ་གནང་བ་དེས་མཚོན་ཞེས་རྟགས་འགོད་རྒྱུ་ཡིན་ནམ། དེ་ལྟ་བུ་ལ་འགྲེལ་བ་གནང་བར་བདེན་མོད། དེ་ལ་འགྲེལ་གནང་བས་སུམ་ཅུ་བ་ལ་འགྲེལ་གནང་དགོས་ཞེས་གཏད་སོ་མེད་པའི་རྟགས་འགོད་རྒྱུར་ངོ་མི་གནོང་ངམ། ལྷག་པར་དུ་ས་པཎ་མ་བྱོན་པའི་ཡར་སྔོན་གྱི་རྡོ་རིང་དང་ཏུན་ཧོང་གཏེར་སོགས་ཡིག་རྙིང་དག་ན་སུམ་རྟགས་དང་མི་མཐུན་པའི་ཚིག་རེ་ཟུང་ཡོད་ལ། བརྒྱ་ཆའི་དགུ་བཅུ་སྟོད་ཡས་མས་སུམ་རྟགས་དང་མཐུན་པའི་ཚུལ་མིག་མཐོང་ལག་ཟིན་ཡིན་པས། དེ་སྔོན་གྱི་བོད་ཡིག་གི་སྤྱི་འགྲོས་སུམ་རྟགས་དང་མཐུན་པ་ལ་ཁྱེད་ཀྱིས་བསམ་གཞིགས་ཀྱི་སྒོ་འཕར་འབྱེད་མ་མྱོང་ངམ། མ་མྱོང་ན་ཡང་བསྐྱར་གསལ་བོ་ཞིག་ལྟོས་དང་། བལྟས་རྗེས་སུ་ཆབ་སྤེལ་གྱི་རྩོམ་ཡིག་ཅིག་གི་རྗེས་སུ་འབྲང་མི་དགོས་པའི་མན་ངག་ཅིག་འཐོབ་ངེས།
ལྔ་བ།
དོན་འདིའི་ནང་དུ་༼བོད་ཀྱི་ལོ་རྒྱུས་ཀུན་གྱི་ནང་དུ་ས་པཎ་གྱིས་བརྩམས་པའི་ཡི་གེའི་སྦྱོར་བ་ཞེས་ཡོངས་སུ་གྲགས་པས་མ་ཟད། ཡི་གེའི་སྦྱོར་བ་ལ་ཞིབ་ཏུ་གཟིགས་ན་དེ་ནི་སུམ་རྟགས་ཀྱི་ཚིག་ཇི་མ་ཇི་བཞིན་ལགས་ཤིང་།༽ཞེས་པ་ཡང་མི་བདེན་ཏེ། ཡི་གེའི་སྦྱོར་བ་དང་སུམ་རྟགས་གཉིས་ཅི་བཞིན་ཡིན་ཚུལ་ཁྱོད་རང་གིས་ཁས་ལེན་ན་མ་གཏོགས་མཁྱེན་དཔྱོད་ཀྱི་བློ་མིག་ཡངས་པའི་མཁས་པ་རྣམས་ནི་བཞད་གད་ཀྱི་རྒྱུ་སྟེ། སུམ་རྟགས་རྩ་ཚིག་དང་ཡི་གེའི་སྦྱོར་བ་གཉིས་ཀྱི་མཆོད་བརྗོད་ཀྱང་ཕན་ཚུན་མི་མཚུངས་ལ། སུམ་ཅུ་བ་ལས་བླ་མ་ལ་མཆོད་བརྗོད་གནང་ཡོད་ལ། ཡི་གེའི་སྦྱོར་བ་ལས་འཇམ་པའི་དབྱངས་ལ་གནང་བ་གཉིས་མི་འདྲ་དེ་༼ཚིག་ཇི་མ་ཇི་བཞིན་༽ཞེས་པའི་རྫུན་རྐུབ་དེ་ཡིས་བརྡོལ་བ་མ་རེད་དམ། ད་དུང་ས་པཎ་ལགས་ཀྱིས། སུམ་རྟགས་གཉིས་སུ་མེད་པའི། ཡི་གེ་མིང་ཚིག་དགོས་འབྲེལ་དང་། ། འཇུག་ཚུལ་བསྟེན་ཚུལ་བསྟེན་བྱ་བདུན། ། དབྱེ་ཚུལ་དེ་བཤད་སྔོན་རྗེས་ལ། ། ཡུལ་བྱེད་ཚུལ་ཆེད་བཞི་བཞི་སྟེ། ། ཚུལ་གཉིས་པ་ལ་བཅུ་ཕྲག་བདུན། ། ཡན་ལག་བཅུ་གཅིག་ཡི་གེའོ། ། མིང་དང་ཚིག་ལ་བརྒྱན་གཉིས་དགོས། ། ལྡོག་དང་རྗེས་འགྲོ་ལུས་མདོར་བསྡུས། ། ཞེས་པ་ལྟ་བུ་ནི་སུམ་རྟགས་ཀྱི་ཚིག་སྦྱོར་རྣམ་པ་ཀུན་ཏུ་ཐ་དད་ཡིན་ལ། སུམ་རྟགས་གང་དུའང་དེ་གཉིས་ཚིག་སྦྱོར་འདྲ་བ་མཐོང་དུ་མེད་པས། འདི་ལ་བདེན་ཁ་ཞིག་ཆབ་སྤེལ་ཚེ་བརྟན་གྱིས་སྤྲོད་ན་མ་གཏོགས་སུ་གཅིག་ཀྱང་སྤྲོད་ཐབས་མེད་པ་ཞིག་གོ ། མ་ཟད་བོད་ཀྱི་ཆེད་མཁས་པས་ད་དུང་ཡི་གེའི་སྦྱོར་བ་ནི་སུམ་རྟགས་ཀྱི་དོན་འགྲེལ་ཚིགས་བཅད་ཀྱིས་གནང་བ་ལེགས་ཤོས་རེད་ཅེས་ཞལ་མཐུན་བྱུང་བ་ལས་དེ་གཉིས་གཅིག་ཏུ་འཁྲུལ་བ་ནི་མཁས་པའི་ལུགས་མ་ཡིན་ནོ། །
དྲུག་པ།
ཡང་གྲོགས་ཀྱིས་༼སྔོན་གྱི་བསྟན་འགྱུར་དག་མ་རྣམས་སུ་སུམ་རྟགས་གཉིས་མེད་པ༽ཞེས་ཁ་ཚོད་བཅད་འདུག་པ་ལ་དོགས་སློང་འདི་ཡོད་དེ། ཁྱོད་ཀྱིས་བཤད་པའི་བསྟན་འགྱུར་དག་མ་དེ་གང་ཡིན། ཁྱོད་ཀྱི་དག་མ་ཞེས་བཤད་པའི་དག་མ་ལ་འགྱུར་བའི་སྒྲུབ་བྱ་ཅི་ཡོད། ལྷག་པར་དུ་བོད་དུ་བསྟན་འགྱུར་དཔར་ཤིང་རིགས་མི་འདྲ་བ་མང་བོ་ཡོད་པ་ལས་དེ་དག་ལས་ཁྱོད་ཀྱིས་མཐོང་བའི་བསྟན་འགྱུར་དུ་ཡོད། བུ་སྟོན་ཐམས་ཅད་མཁྱེན་པ་ལྟ་བུས་བསྒྲིགས་པའི་དཀར་ཆག་ཏུ་མེད་པ་ཁྱོད་ཀྱིས་བདེན་དཔང་གང་གིས་བྱེད། ལྷག་པར་དུ་སུམ་རྟགས་ཀྱི་རྩ་བ་བཀའ་བསྟན་དུ་བཞུགས་པའི་སྒྲུབ་བྱེད་འགོད་མཁན་ཡོད་པར་མ་ཟད། དེ་དག་ལས་བཤུས་ཏེ་ཁྲིད་གནང་ཡང་འདུག་པས། དེར་ཁྱོད་ལ་གསལ་བྱེད་ག་འདྲ་ཡོད། རང་མགོ་འཁོར་བའི་སྒྲུབ་བྱེད་ལྟར་རེ་བཀོད་ནས་གཞན་ལ་རྨོངས་པ་སྟེར་བ་ནི་ཆེས་མི་འོས་པ་ཞིག་མ་ཡིན་ནམ།
བདུན་པ།
འདིར་བསྐྱར་བཤད་དགོས་དོན་མེད་དེ། གོང་གི་དོན་ཚན་དང་བོའི་ནང་དུ་བཤད་ཟིན་པ་ལྟར་ཡིན་མོད། ཁྱོད་ཀྱིས་བཤད་རྒྱུ་མ་རྙེད་པར་ཡིག་ཚོགས་ལ་མ་འཇིགས་པར་ལབ་པ་ཡིན་ན། ངས་ཀྱང་ཁྱོད་ལ་འདི་ལྟར་བཤད། གྲོགས་པོ་ཁོང་གིས་དོན་ཚན་བདུན་པར༼ས་པཎ་མ་བྱུང་གོང་གི་བོད་ཀྱི་ལོ་རྒྱུས་དང་། རྒྱལ་རབས། དེ་བཞིན་རྣམ་ཐར་སོགས་ཀུན་གྱི་ནང་བོད་ཀྱི་མཁས་པ་སུ་ཞིག་ཀྱང་སུས་མཛད་མིན་ལ་མ་ལྟོས་པར་སུམ་རྟགས་གཉིས་སྦྱངས་པའི་སྐོར་ཟུར་ཙམ་ཡང་མེད་པར། ཀུན་གྱིས་སྒྲ་ཀ་ཙན་སོགས་དང་། སྨྲ་སྒོ་སོགས་སྦྱངས་ཞེས་འཁོད་པ་ལས་སུམ་རྟགས་གཉིས་སྦྱངས་ཞེས་ཡིག་འབྲུ་གཅིག་ཀྱང་འཁོད་མེད་པ་དེས་ནི། གཟུ་བོར་གནས་པའི་བློས་དཔྱད་ན་ཏོག་ཙམ་ཡ་མཚན་དགོས་པ་ཞིག་མ་རེད་དམ།༽ཞེས་པ་ལ་དོགས་པ་འདི་ཡོད་དེ། ས་པཎ་མ་བྱོན་པའི་ཡར་སྔོན་དུ་བོད་ལ་བྱུང་བའི་བསྟན་བཅོས་ཇི་སྙེད་ཅིག་ཡོད་དེ། ཕྱོགས་གང་ནས་བལྟས་ན་སྒྲ་ཀ་ཙན་སོགས་དང་མི་མཚུངས་པའི་སུམ་རྟགས་ཀྱི་དགོངས་དོན་དང་མཐུན་པར་བྱུང་བའི་རྒྱུ་རྐྱེན་ལ་བསམ་བློ་ཞིབ་མོ་ཞིག་ཐོངས་དང་། དེ་ལྟར་དཔྱད་ཞིབ་མ་བྱས་པར་ཡོད་ཚད་ཡིག་ཆ་རྐྱང་རྐྱང་ལ་མགོ་སྒུར་ན་ནི། བོད་ཀྱི་གཏམ་དཔེར། ཨ་མཆོད་ཡོན་ཏན་ཏཱ་ལེན་གང་། ། ཏཱ་ལེན་བོར་དུས་ཚར་བ་ཡིན། ། ཞེས་པའི་དཔེ་ལས་མ་འདས་སམ། ད་དུང་གྲོགས་པོས༼དེའི་སྔོན་དུ་ཐོན་མིས་བརྩམས་ཟིན་ན། དེ་ནི་བོད་ཀྱི་བརྡ་སྤྲོད་པའི་ཕྱི་མོར་གྱུར་བ་ཡིན་པས། བོད་ཀྱི་མཁས་པ་དག་གིས་དེ་དག་ལ་མ་གཟིགས་པ་ག་ལ་ཡིན་སྙམ་ཞིང་ངེས་པར་དུ་གཟིགས་དགོས་པ་ཞིག་ཡིན་པ་ལས། རྒྱ་གར་གྱིས་བརྩམས་པའི་སྨྲ་སྒོ་སོགས་ལ་ཨུ་ཚུགས་ཀྱིས་གཟིགས་དགོས་དོན་ཅི་ཡོད།༽ཅེས་པ་ལ་ངས་འདི་ལྟར་བཤད་ཆོག སུམ་རྟགས་གཉིས་དེ་སྔོན་བྱུང་ཡོད་པར་མ་ཟད་བོད་ཀྱི་བརྡ་སྤྲོད་ཀྱི་ཕྱི་མོ་ཡིན་པར་གནའ་རབས་པས་ཁས་བླངས་ཡོད་པར་ཐལ། གནའ་རབས་ཀྱི་ཡིག་རྙིང་དག་ལས་བརྒྱ་ཆས་དགུ་བཅུ་ལྷག་སུམ་རྟགས་དང་མཐུན་པའི་ཕྱིར། དེ་ནི་སུམ་རྟགས་ས་པན་ཡར་སྔོན་དུ་བྱུང་བའི་རྟགས་མིན་ན། མི་ལོ་སྟོང་ཕྲག་ལྷག་ལ་བཞུགས་པའི་རྒན་པོ་ཞིག་གིས་ངོ་སྤྲོད་མ་བྱས་ན་ཁོས་ཁས་མི་ཟེར་རྒྱུ་ལས་གོང་གི་ཁྱོད་ཀྱི་རྟགས་རྣམས་ལྟར་སྣང་དུ་སོང་བའི་ཟོལ་ཞིག་འདུག་གོ །
བརྒྱད་པ།
ཡང་གྲོགས་པོས་འདིར༼བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སྨྲ་བའི་སྒོ་མཚོན་ཆ་བརྩམས་པའི་སྐབས། པཎ་ཆེན་རང་གིས་ཁུངས་སུ་གཏུགས་པའི་བརྡ་སྤྲོད་པའི་བསྟན་བཅོས་གཞན་གང་ཡང་རག་མེད་ལ།༽ཞེས་པ་འོལ་ཚོད་ཀྱི་གཏམ་ཡིན་གྱི། བདེན་པའི་གཏམ་དུ་མ་ངེས་ཏེ། སྨྲ་སྒོ་བརྩམས་པའི་ཁུངས་ནི་སུམ་རྟགས་དང་བོད་སྤྱི་སྐད་ཡིན་པས། དེ་ནི་༼གང་ཡང་མ་རག་ལ༽ཞེས་གང་སྒྲ་སྦྱར་རྐྱང་མ་ཡིན་པ་ཡང་ཤེས་དགོས། གཞན་༼དེའི་སྐབས་སུ་སུམ་རྟགས་ཡོད་ན་སྨྲ་སྒོའི་ནང་སུམ་རྟགས་གཉིས་ཀྱི་ལུང་མ་དྲངས་པ་ག་ལ་སྲིད།༽ཅེས་པ་ཡང་མ་ངེས་པར་ཐལ། ཁུངས་གཏུགས་ས་སུམ་རྟགས་གཉིས་ཡིན་པས། དེར་སུམ་རྟགས་ཀྱི་དགོངས་དོན་དང་། སུམ་རྟགས་སུ་བཤད་པ་དག་ལས་ཁ་མི་གསལ་རེ་ཟུང་ཁ་གསལ་བོར་བྱས་པ་དང་། ཞོར་དུ་སྐབས་དེའི་སྤྱི་སྐད་དུ་གྲགས་པའི་ཚིག་ཕྲད་ཀྱང་གསུངས། སུམ་རྟགས་སུ་བཤད་ཟིན་དག་བསྐྱར་ཟློས་མ་བྱས་པ་དེ། སུམ་རྟགས་ཀྱི་ལུང་དྲངས་མེད་ཀྱང་དོན་གྱིས་སུམ་རྟགས་ལ་གཟིགས་པར་དཔྱད་ན་རྟོགས་པའི་ཕྱིར། ཁྱོད་ཀྱིས་གོང་གི་དོན་ཚན་དག་བསྐྱར་ཟློས་བྱས་པའི་སྐྱོན་ཞིག་རེ་རེ་བཞིན་ཀློག་ན་བློ་ངོགས་སུ་གཅིག་རྗེས་གཉིས་མཐུད་དུ་འོང་གིན་འདུག དེ་བས་ངས་ཀྱང་འདིར་ཚིག་ཚོགས་ལ་འཇིགས་ནས་མང་དུ་མ་བྲིས་སོ། །
དགུ་བ།
ཡང་གྲོགས་ཀྱིས་འདིར།༼སུམ་རྟགས་གཉིས་ཐོན་མིས་མཛད་པར་མ་ཟད་ཐོན་མིས་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་བརྩམས་ཞེས་འུར་བརྗོད་པ་དེ་ནི་ཁུངས་མེད་ཀྱི་གཏམ་ཞིག་ཡིན་ཏེ།༽ཞེས་པ་ནི་ཁྱོད་རང་ཉིད་ཆབ་སྤེལ་གྱི་རྗེས་སུ་འུར་ལངས་ནས་འདྲོགས་པ་མ་གཏོགས། བོད་ཀྱི་ཆེད་མཁས་པ་དག་གིས་ནི་ཐོན་མིས་བརྩམས་ངེས་པའི་བསྟན་བཅོས་ཆེན་མོ་བརྒྱད་ངེས་པར་ཞལ་མཐུན་པོར་ཁས་ལེན་བྱེད་བཞིན་པ་ལགས། ༼སུམ་རྟགས་གཉིས་ཀྱི་མཚན་བྱང་མ་ཟད་མགོ་ནས་མཇུག་བར་ཚིག་གཅིག་ཀྱང་མ་ལུས་པར་ཐམས་ཅད་ཁྲ་ལམ་མེར་མཐོང་རྒྱུ་ཡོད་པ་ནི་སྒྱུ་འཕྲུལ་འདྲ་ཡིན་ཟེར་ན་མ་གཏོགས་ལུང་རིགས་ཀྱི་འགྲེལ་བཤད་བྲལ་བ་ཞིག་རེད།༽ཅེས་པ་ལ་ཀུ་རེ་དོན་དམ་དང་འབྲེལ་བ་ཞིག་བཤད་ན། གྲོགས་ཁྱོད་རང་སྐྲག་མི་དགོས་ཏེ། སུམ་རྟགས་ཁྲ་ལམ་མེར་ཡོད་པ་སྒྱུ་འཕྲུལ་མ་ཡིན་པར་ཁྱོད་ཀྱིས་རྩོད་ཀྱིན་པ་དེ་རེད་མ་གཏོགས། སྒྱུ་འཕྲུལ་ལྟར་མེད་པ་ཞིག་ཡིན་ན་འུ་གཉིས་ཀྱིས་རྩོད་དགོས་པའི་རྩོད་གཞི་མེད་པ་མ་ཡིན་ནམ། ལྷག་པར་དུ་སུམ་རྟགས་ཐོན་མིས་བརྩམས་མིན་ལ་བོད་ཀྱི་སྔ་རབས་མཁས་པའི་རྩོད་པ་མེད་མོད། སུམ་རྟགས་གཉིས་གང་ཡིན་ན་ཡང་ཚིག་རྐང་མང་ཉུང་ལ་དོགས་སློང་དང་དགག་རྩོམ་བྱས་པ་ནི་དོན་སྙིང་ལྡན་པའི་རྩོད་པ་ཞིག་ཏུ་ངེས། གཞན་པའི་བསྟན་བཅོས་དྲུག་པོ་ནུབ་ཟིན་ནའང་། སུམ་རྟགས་གཉིས་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་བློ་ཐོག་ལ་བྱང་བར་བྱས་ནས་གཅིག་ལ་གཅིག་བརྒྱུད་ཀྱིས་སྤེལ་བ་ཡིན་པའི་བྱུང་བ་ལ་ཁྱེད་ཀྱིས་གཏམ་ལན་ག་འདྲ་ཡོད། ད་དུང་གསར་རྙེད་ཀྱི་ཡིག་རྙིང་ཁྲོད་དུ་སློབ་དཔོན་ཐོན་མིས་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་ཡོད་མེད་ལ་དཔྱད་ཞིབ་བྱེད་པའི་སྐབས་འདིར། ཁྱོད་ཀྱིས་མེད་ཅེས་ཁ་ཚོད་ཅིག་གཅོད་དགོས་པའི་རྒྱུ་མཚན་གསལ་བོ་ཞིག་གང་ནས་རྙེད་བྱུང་།
བཅུ་བ།
གྲོགས་པོ་ལགས་ཀྱིས།༼སུམ་རྟགས་ཐོན་མིས་བརྩམས་པའི་ལོ་རྒྱུས་ཀྱི་ཁུངས་དང་། རྒྱུ་མཚན་ལྡན་པའི་རིགས་པ་གང་ཡང་མེད་པ་ཤིན་ཏུ་གསལ་བ་ནི། གོང་གི་རྒྱུ་མཚན་དེ་བས་གཞན་ག་ལ་དགོས༽
ཞེས་པར་ངས་རིགས་པའི་འཇོན་ཚོད་དང་ནུས་ཚོད་ཀྱིས་བློ་གཟུ་བོར་བཞག་ནས་ལན་ཕུལ་བ་ནི་ངས་ཁོང་ལ་བཏོན་པའི་དྲི་བ་ཟེར་ན་ཡང་ཆོག དོགས་སློང་གི་ཚུལ་དུ་ལུང་རིགས་གཉིས་ཀྱི་སྒོ་ནས་ཁོང་གི་ལྟ་ཚུལ་ལ་དགག་སྒྲུབ་བྱས་པ་ཡིན། དེ་ནི་ང་ལ་མཚོན་ན་སློབ་དཔོན་ཐོན་མིས་སུམ་རྟགས་གཉིས་བརྩམས་པར་མ་ཟད། དུས་རབས་བདུན་པའི་ནང་གི་རྩོམ་ལུགས་དང་མཐུན་པའི་སྐོར་ལྷུག་པོར་བརྗོད་པ་དེ་ལགས་སོ།།
མཇུག་གི་གཏམ།
ངས་འདི་ནས་གྲོགས་རིགས་པ་སྨྲ་བ་བེ་རི་རྒྱལ་སྲས་ལགས་ལ་དོན་མེད་ཀྱི་འཐབ་རྩོད་དང་ཕན་ཚུན་བར་གྱི་ཞེ་སྡང་གི་ཀུན་སློང་སོགས་ཡེ་ནས་སྐྱེ་དགོས་དོན་མེད་དེ། ད་ཐེངས་མ་གཏོགས་ཁོང་མིང་ཙམ་ཡང་ཐོས་མ་མྱོང་བ་ཞིག་ཡིན། ཡིན་ཡང་ཁོང་གིས་འདི་ལྟར་རྩོམ་ཡིག་ཅིག་སྤེལ་བ་ནི་ཀུན་སློང་ཡག་པོ་ཡོད་ནའང་ངས་མ་ཤེས་ཤེས་ཚོད་ཀྱིས་རྩོམ་ཡིག་དོན་ཚན་གཅིག་སྤེལ་ནས་ཁོང་ལ་བསྐུར་ཚེ། བོད་ཀྱི་ངེས་དོན་རིགས་པ་སྨྲ་བ་འགའ་རེས་མུ་འཐུད་དུ་བྲིས་ན་ལེགས་གསུངས་པས། ངས་ཀྱང་ཁོང་ཅག་གི་ཐུགས་དགོངས་དང་ང་རང་གི་འདོད་མོས་ལྟར་དུ་རྩོམ་ཡིག་འདི་སྤེལ་བ་ལགས། འདི་ལ་གྲོགས་ཁོང་གིས་ལན་ཡོང་གི་ཡང་རེད་ལ། ཡོང་བར་རེ་བ་ཡང་ཆེ། མཐར་ངའི་རྩོམ་ཡིག་འདིར་རྒྱབ་སྐྱོར་དང་ཐུགས་གནང་མཁན་ཚང་མ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུའོ།།
(རིག་འཛིན་གྱིས་བརྒྱུད་གཏོང་བྱས།)
རྨེའུ་རྐང་ཐང་པ་ལེགས་ཀྱིས་སུམ་རྟགས་གཉིས་སློབ་དཔོན་ཐོན་མིས་བརྩམས་པ་ཡིན་མིན་སྐོར་ལ་རིགས་པ་བཀོད་པར་དགའ་བསུ། ས་སྐྱ་འཇམ་དབྱངས་རྣམ་སྤྲུལ་ཀུན་དགའ་རྒྱལ་མཚན་ཞབས་ཀྱིས་བོད་ལ་བོད་སྐད་བརྡ་སྤྲོད་མེད་པར་ཐུགས་ཕམ་ཚུལ་དང་། རང་ཉིད་མཛད་པའི་ ཡི་གེ་སྦྱོར་བ་ན། སུམ་ཅུ་པ་དང་རྟོགས་ཀྱི་འཇུག་པའི་ཚིག་མང་པོ་ཡོད་པ་དེ་དག་ཆོས་རྗེ་ས་པཎ་གྱིས་རྐུན་མ་བརྒྱབས་པ་ཡིན་ནམ། ཞེས་དྲི་བ་ལགས་སོ།
དང་བོ། ལྔ་བ། ད་ཐེངས་ཞེས་པ་དག་ལ་ཕལ་སྐད་ཀྱིས་ཤན་ཞུགས་པར་འདོད་དོ།
རང་ཉིད་མཛད་པའི། ཞེས་པར་རང་ཀྱིས་མཛད་པའི་ཞེས་ཞུས་དག་བྱས་སོ།
དང་པོའི་ལན་དུ།
རྟག་ཞི་བ་ལ་ཕྱག་འཚལ་ལོ། །
་
བླ་མ་ལ་ཡང་ཕྱག་འཚལ་ལོ། །དེ་ཉིད་ལོ་རྒྱུས་ཀྱི་ཁུངས་རེད།
་
གཉིས་པའི་ལན་དུ།
གང་ལ་ཡོན་ཏན་མཆོག་མངའ་བའི།
དཀོན་ཅོག་དེ་ལ་ཕྱག་འཚལ་ལོ། །ཞེས་དཀོན་མཆོག་དེ་དཀོན་ཅོག་ཏུ་བརྡ་རྙིང་ལ། དུས་ད་ལྟ་ཡང་ལྷག་བསྡད་འདུག
་
གསུམ་པའི་ལན་དུ།
དིང་སང་ཡང་ང་ཚོའི་བདག་སྒྲ་པ་བ་ལ་རྩོད་བཞིན་ཡོད་དུས་དེའི་སྐབས་ལ་དེ་བས་ཀྱང་བཤད་མི་དགོས་པ་རེད།
་
བཞི་པའི་ལན་དུ།
སུམ་རྟགས་ཀྱི་འགྲེལ་པ་རྩོམ་དགོས་པ་བཙན་དཀའ་སུས་གཏོང་ཐུབ་བམ།
་
ལྔ་པའི་ལན་དུ།
ས་པཎ་མཆོག་གིས། ཐོན་མའི་གསུང་ཇི་མ་ཇི་བཞིན་བཤུས་སྲིད་པ་ལས། །ཐོན་མིས་ས་྆པཎ་གྱི་གསུང་བཤུས་ན་ནི། ལོ་རྒྱུས་འགོ་ལྡོག་ནས་འགྲོ་བའི་སྐྱོན་དུ་ཐལ་བའི་ཕྱིར་རོ།།
་
དྲུག་པའི་ལན་དུ།
གལ་སྲིད་དེ་བདེན་ན་ཡང་། བསྟན་འགྱུར་སྒྲིག་དུས་རྒྱ་གར་གྱི་བསྟན་བཅོས་གཙོ་བོར་བཟུང་བ་ལས། བོད་ཀྱི་བསྟན་བཅོས་བཅུག་རྒྱུར་སྣང་མེད་དུ་སོང་སྲིད་པའི་ཕྱིར་རོ།།
་
བདུན་པའི་ལན་དུ།
སྔར་དུས་སུ་སུམ་རྟགས་ཤེས་པ་ཙམ་ལ་མཁས་པ་མི་བརྩིས་ལ། སུམ་རྟགས་ཤེས་པའི་ཐོག་ལ། སྒྲ་ཀ་ཙན་སོགས་དང་། སྨྲ་སྒོ་སོགས་སྦྱངས་ཞེས་འཁོད་པ་རེད་སྙམ་ལགས།
་
བརྒྱད་པའི་ལན་དུ།
༼ བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སྨྲ་བའི་སྒོ་མཚོན་ཆ་བརྩམས་པའི་སྐབས། པཎ་ཆེན་རང་གིས་ཁུངས་སུ་གཏུགས་པའི་བརྡ་སྤྲོད་པའི་བསྟན་བཅོས་གཞན་གང་ཡང་རག་མེད་ལ།༽ ཞེས་པའི་དོན་ནི། སློབ་དཔོན་ཐོན་མིའི་སུམ་རྟགས་གཉིས་ལས། གཞན་བརླག་ཟིན་པ་དྲུག་པ་ོགང་ཡང་རུང་བ་མ་བརྙེད་ནས་ཞེས་པའི་དོན་ནོ།།
་
དགུ་པའི་ལན་དུ།
རྟགས་འཇུག་གི་འཇུག་ཏུ། བྱྰ་ཀ་ར་ཎའི་རྩ་བ་བརྒྱད་པ་ལས། ཀུན་ཏུ་བཟང་པོའི་བྱྰ་ཀ་ར་ཎ་གཉིས་པའི་སྐབས་ཏེ་དྲུག་པའོ།། །།ཞེས་སློབ་དཔོན་ཐོན་མིས་རྩ་བ་དྲུག་བརྩམས་པ་འདིས་ཁུངས་བསྟན་པ་དང་། ངག་རྒྱུན་དུ་རྩ་བ་བརྒྱད་བརྩམས་ནས་དྲུག་ཉམས་པའི་ཁུངས་སུའང་འགྲོའོ།།
་
བཅུ་པའི་ལན་དུ།
སུམ་རྟགས་ཐོན་མིས་བརྩམས་པའི་ལོ་རྒྱུས་ཀྱི་ཁུངས་དང་། རྒྱུ་མཚན་ལྡན་པའི་རིགས་པ་འདི་དག་ལས་ཤིན་ཏུ་གསལ་བས་ན། གོང་གི་རྒྱུ་མཚན་དེ་དག་ལས་ལྷག་པ་གཞན་ག་ལ་དགོས་སོ།། །།
རྨེའུ་་་ལགས་ཀྱིས་དུས་རབས་བཅོ་ལྔ་པའི་ནང་གི་སྒྲུང་རྩོམ་དེ་ཚོ་ཡིག་རྙིང་གི་ཁོངས་སུ་བཙན་རྫོངས་བྱས་འདུག་པ་འདི་ལ་ལྟས་ཡོང་ན། ཐོན་མི་ཞེས་པའི་དངོས་མི་ཞིག་ཡོད་ཁུངས་འཚུལ་ཐབས་ཟད་སོང་བ་རྟོགས་ཐུབ། ཁྱེད་ཀྱི་བཤད་བསྡད་པའི་རྩོམ་གསར་དེ་ཚོའི་ནང་ཐོན་མི་ཞེས་པ་ཞིག་གསལ་མི་འདུག་ལབ་མཁན་ཡོད་ཀྱི་རེད་ལ། དུས་རབས་བཅོ་ལྔ་པའི་རྩོམ་གསལ་དེ་ཚོའི་ཐོན་མི་ཞེས་པ་ཞིག་ཡོད་ཁུངས་སུ་ལ་གཏུགས་ཡོད། ཁྱེད་ཀྱིས་སྲོང་བཙན་སྐབས་སུ་མེད་ཐབས་མེད་པའི་བློན་ཆེན་བཞིའི་ཁོང་ནས་ཐོན་མི་ཕུད་བཞག་འདུག དེ་འདྲ་བྱས་ན་མཐའ་ནས་ཟག་ཁར་གལ་འཇུ་ཅི་ཆ་ཟེར་བ་དེ་ཆག་འགྲོ་ཡི་འདུག་བ། མེད་ཐབས་མེད་པའི་སྲིད་བློན་ཆེན་པོ་བཞི་ཡི་ནང་གི་གཙོ་བོ་ཐོན་མི་ཡིན་པ་རྒྱལ་རབས་ཕལ་མོ་ཆེ་ལ་གསལ། དེ་འདྲ་ཡིན་ན་བཙན་པོའི་རྡོ་རིང་གི་ངོས་སུ་ཐོན་མི་ཆད་སོང་བ་ག་རེ་ཡིན་ནམ། ཡང་ན་ནག་ཉེས་ཆེ་པོ་ག་རེ་བསགས་ཡོད་དམ། ཏུན་ཧོན་ཡིག་རྙིང་གི་ནང་དུ་དུས་རབས་བརྒྱད་པའི་ཡན་གྱི་བན་བོན་གྱི་ལོ་རྒྱུས་ཆོས་འབྱུང་རྒྱལ་རབས་མ་གསལ་བ་མེད། ཐོན་མི་གཅིག་བོར་སོང་བ་ཡ་མཚན་རེད། རང་དབང་ཞིབ་འཇུག་པ་མང་པོ་ཞིག་གིས་ཐོན་མི་ཟེར་བའི་མིང་འདི་དུས་རབས་བཅུ་གཉིས་མན་ནས་གསལ་སྣོང་བྱས་པ་ཞིག་ཡིན་པ་འདོད་བཞིན་པ་འདི་བདེན་པར་འགྱུར་འགྲོ་ཡི་འདུག གང་ཡིན་ཟེར་ན་ཐོན་མི་ཞེས་པའི་མིང་འདི་དུས་རབས་བཅོ་ལྔ་ཡས་མས་གི་རྩོམ་གསར་ལས་གཞན་ནང་དུ་རུས་སྦལ་གྱི་སྤུ་རེད།
ཡུལ་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་འདིར། །
མི་མཁས་པ་སླེབས་པའི་སྔོན་མ་ཡིན། །
བོད་ཁ་བ་ཅན་གྱི་མི་རྣམས་ལ། །
ང་ཐོན་མི་བཀའ་དྲིན་མི་ཆེའམ། །འདི་ཡང་དུས་རབས་བཅོ་ལྔ་པའི་ནང་གི་སྒྲུང་རྩོམ་ཡིན་ནམ། ལགས།
བཀའ་གདམས་པའི་དམ་ཆོས་འབྱུང་ཚུལ་ལས།
་་་་་་་་ དེ་ཡང་སྔོན་གྱི་ཡིག་རྙིང་ལས། ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་བྱང་དུ་མི་རྒོད་འདུལ་བ་བྱོན་དུས། རྭ་སྒྲེང་དུ་ཕེབས་ཏེ་དབུ་སྐྲ་གཏོར་ནས། འདིར་སྤོས་ཤིང་རྒྱས་པར་གྱུར་པའི་ཚེ། གནས་འདིར་ང་ཡི་སྤྲུལ་པ་འབྱུང་། ཞེས་གསུངས་པ་བཤེས་གཉེན་༼ འབྲོམ་སྟོན་པ་ ༽ ཡིན་པར་བཞེད་དོ། །་་་་་་་
འགའ་ཤིག་གིས་ངའི་ཀླད་པ་ལྗང་བ་ལ་བསམ་སྲིད་པ་རེད། ཧ་ཧ།། །།
ཡག་བྱུང་ཐུགས་རྗེ་ཆེ་གཟུ་བོར་གནས་ནས་ལྟོས་ན་ངོ་མ་རྒྱུ་མཚན་ལྡན་པ་ཞིག་བྲིས་གནང་འདུག
དེ་དུས་རབས་བཅོ་ལྔ་པའི་ནང་གི་སྒྲུང་རྩོམ་མིན་པའི་སྒྲུབ་བྱེད་ཁྱེད་ལ་ག་རེ་ཡོད།
དུས་རབས་བཅོ་ལྔ་པ་དེ་ཚོས། སྒྲུང་རྩོམ་བྱས་ནས་ཁོ་ཚོར་ཁེ་སང་ག་རེད་རག་ཡོད་རེད་དམ། ལགས།
དུས་རབས་བཅོ་ལྔ་པའི་སྒྲུང་རྩོམ་དེ་ཚོས་ཚད་གསུམ་གྱི་ལུང་རིགས་མི་དགོས་པར། རྫུན་བཤད་ལོག་བྱས་དུས་མཁན་པ་ཆེ་པོ་རེད་འདུག་ཞེས་རྨོངས་པ་དེ་ཚོའི་ལག་ནས་ཁེ་བཟང་མང་པོ་ཞིག་ཟོས་ཚར་རེད། ཡིན་ཡང་དེང་སང་དེང་རབས་ཀྱི་ལྟ་བ་ལྡན་པ་བོད་རང་རིགས་ལ་ཞེན་པའི་མི་བུ་དེ་ཚོས་རབ་དང་རིམ་པས་ཉམས་ཞིབ་བྱེད་ཡོང་དུས། དུར་རབས་བཅོ་ལྔ་ཡས་མས་ཀྱི་སྒྲུང་རྩོམ་པོ་དེ་ཚོས་བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་རྩ་མེད་དུ་བཟོས་པའི་ཉེས་ཅན་པར་གྱུར་ཡོད།
སྐད་གསར་གཅོད་ཀྱིས་གཏན་ལ་ཕབ་པ་ཞེས་པར་དཔྱོད་དགོས་པས། དཔྱད་པ་ན། སློབ་དཔོན་ཐོན་མིའི་དུས་ཀྱི་སྐད་ལ་འགྱུར་བ་བྱུང་བས་མཁས་པ་གང་གིས་བརྩམས་པའི་བརྡ་སྤྲོད་དག་སྐད་འགྱུར་བས་འབད་སྤྱོད་མེད་པར་སོང་བ་མ་ཡིན་ནམ། ཕྱིས་སུ་བོད་ལ་སྤར་ཤིང་གིས་སྤར་པའི་དཔེ་ཆ་དག་གིས་སྐད་ཡིག་ལ་དེ་ཙམ་འགྱུར་བ་ཆེས་མ་བྱུང་། ཞེས་ཉམས་མྱོང་མཁས་པ་རྣམས་བཞེད་དོ།
སྐད་གསར་གཅོད་ཀྱིས་གཏན་ལ་ཕབ་རུང་ཡིག་རྙིང་དང་རྡོ་རིང་གི་
ངོས་ནས་ཐོན་མི་ནག་བསུབས་གཏོང་དགོས་དོན་མེད་ལ།
བསམ་བློ་ཞིབ་ཏུ་བཏང་ན། རྡོ་རིང་ནི། རྒྱལ་མཚམས་དམག་འཁྲུགས་ཀྱི་དོན་རྐྱེན་ནས་བྱུང་བ་ལས། ཡིག་མཁན་དང་ཆོས་དཔོན་གྱི་རྣམ་ཐར་དང་འབྲེལ་བ་ཅང་མེད་དགོས།
རྡོ་རིང་ནི་དམག་འཁྲུགས་ཁོ་ནའི་ཆེད་དུ་ཡིན་པ་ངོས་འཛིན་མཁན་དག་ལྐུགས་པ་རེད། རྡོ་རི་ནི་ཆབ་དཔལ་རིག་གསུམ་གྱི་གལ་གནད་ཆེ་བའི་ལོ་རྒྱུས་རྡོ་རིང་ངོས་སུ་བྲིས་ཡོད། རིག་གནས་ཀྱི་བྱེད་པོ་ཡིན་ཞེས་པའི་ཐོན་མི་ཟེར་བ་དེ་རྡོ་རིང་གི་ངོས་སུ་མེད་སོང་དུས། ད་ཐོན་མི་ཟེར་བའི་མི་ཞིག་ལ་ནས་བྱུང་མ་མྱོང་བའི་རྟགས་རེད།
རྒྱལ་པོ་སྲོང་བཙན་སྒམ་པོའི་བཀའ་འཆེམས་མ་ཎི་བཀའ་འབུམ་འདི་ཡང་། དུས་རབས་བཅོ་ལྔ་པའི་བཅོས་སྒྲུང་རེད་ཟེར་རྒྱུ་ཡིན་ནམ།
མ་ཎི་བཀའ་འབུམ་སྒྲུང་རྩོམ་པ་གྲུབ་ཐོབ་དངོས་གྲུབ་ཀྱིས་དུས་རབས་བཅོ་ལྔ་པའི་རྩོམ་བཞག་པ་ཞིག་རེད་བ།
མ་ཎི་བཀའ་འབུམ་དང་བཀའ་ཆེམས་ཀ་ཁོལ་མ་གཉིས་སྒྲུང་རྩོམ་པ་
གྲུབ་ཐོབ་དངོས་གྲུབ་དང་ཨ་ཏི་ཤ་གཉིས་ཀྱིས་དུས་རབས་བཅོ་ལྔ་
པའི་རྩོམ་བཞག་པ་ཞིག་རེད་བ།
ལོ་རྒྱུས་སྔར་ནོར་ནས་བཤད་པ་ལ་དག་བཅོས་བྱས་པ་ནི་ལེགས་བཤད་རེད། དེ་མིན་དིང་སང་མཁས་གྲགས་སྐམ་པོའི་འོག་ཏུ་འཚོ་བ་བརློན་པ་རག་ཐབས་ཀྱིས་བྱུང་བ་ཚང་མ་མེད་པར་བཟོས་པའི་རྗེས་སུ་འབྲངས་པ་ནི་ཀླད་ཆུང་རེད་དོ།།
གནས་ལུགས་དོན་དང་འགལ་ན་རྒྱལ་བའི་བཀའ་ཡང་དོར། བདེན་
པའི་གནད་ལ་ཁེལ་ན་བྱིས་པའི་གཏམ་ཡང་ལོངས། མི་འགའ་ཞིག་གིས་རྩོམ་སྒྲུང་མང་པོ་བཟོས་ནས། རྗེས་མ་དེ་དག་རྫུན་རྐུབ་རྡོལ་སོང་ན་ཞ་མོ་ནག་པོ་དེ། སྲོང་བཙན་སྒམ་པོ་དང་སྟོན་པ་ཤཀྱ་མི་ནེ་གཉིས་ལ་འགེབས་རྩིས་བྱས་པ་དག་ཀུན་སློང་ཡག་པོ་མ་རེད།
ཤཀྱྰ་དོན་གྲུབ་ལྟ་བུའི་མི་བཟང་མེད། །
སྲོང་བཙན་སྒམ་པོ་ལྟ་བུའི་རྒྱལ་བཟང་མེད། །
ཁ་བརྡའི་རླུང་ཐོག་ལྟ་བུའི་རྒོལ་བ་ལ། །
མཆན་མཁན་ཀརྡོ་ལྟ་བུས་རྒོལ་འདོད་མེད། །
མི་བཟང་རྒྱལ་བཟང་གཉིས་ཀྱི་མཛད་རྗེས་ལ།
བཀའ་དྲིན་བསམ་ཤེས་མེད་པ་འགས།
ལོག་རྟོགས་སྒྲུང་རྩོམ་ལས་རེ་ངན།
རྗེས་འབྲང་ཀརྡོ་གཏི་མུག་ཅན།
མི་བཟང་རྒྱལ་བཟང་གཉིས་ཀྱི་མཛད་རྗེས་ལ།
བཀའ་དྲིན་བསམ་ཤེས་ཡོད་་པ་འགས།
ལེགས་རྟོགས་སྒྲུང་རྩོམ་ལས་རེ་བཟང་།
རྗེས་འབྲང་ཀརྡོ་ཤེས་རབ་ཅན།
ཤཱ་ཀྱ་དོན་གྲུབ་ལྟ་བུའི་མི་བཟང་མེད།
སྲོང་བཙན་སྒམ་པོ་ལྟ་བུའི་རྒྱལ་བཟང་མེད།
ཁ་བརྡའི་རླུང་ཐོག་རྒོལ་མངན་མང་པོ་་ལ།
མཆན་མཁན་ཀརྡོ་ལྟ་བུའི་བརྪོན་མཁན་མེད། །
རྒོལ་མངན། རྒོལ་མཁན་དུ་དག་བཅོས་མཆིས་སོ།
གནས་ལུགས་དོན་དང་འགལ་བ།
ག་ལ་སྲིད་དེ་མི་སྲིད་པའོ།
བྱིས་གཏམ་གནད་ཁེལ་ག་ལ་ཡོད།
སྲོང་བཙན་སྒམ་པོ་ཤཱཀ་ཐུབ་བཟང་། །
བརྪོན་མཁན། བརྩོན་མཁན་དུ་བཅོས་སོ།
རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་ཀྱི་དགུང་བློན་ཆེན་པོ་བཞི་ནི། བློན་ཆེན་མགར་བ་སྟོང་བ་བཙན་དང་། ཐོན་མི་སམ་བྷོ་ཊ། འབྲི་སེ་རུ་གུང་སྟོན། ཉང་ཁྲི་བཟང་ཡང་སྟོན་བཅས་ཡིན། དེའི་ནང་ནས་མགར་དང་། ཐོན་མི། ཉང་ཁྲི་བཟང་བཅས་ནི་སྲོང་བཙན་སྒམ་པོར་བསམ་པ་དཀར་བ་དང་ཆབ་སྲིད་ཐོག་བྱས་རྗེས་ཆེ་བའི་བློན་ཆེན་ཡིན་པ་དང་། འབྲི་སེ་རུ་གུང་སྟོན་ནི་རང་ཉིད་ལ་བྱས་རྗེས་གང་ཡང་མེད་ཀྱང་། བློན་ཆེན་གཞན་རྣམས་རང་གི་གོང་དུ་ཤོར་དྭོགས་ནས་རྒྱལ་བློན་བར་དཀྲུགས་ཤིང་དབྱེན་སྦྱོར་བྱེ་མཁན་ཞིག་ཡིན།
དུང་དཀར་བློ་འཕྲིན་མཆོག་གིས།