བོད། ལྷ་ཀླུ་གཉན་གསུམ་ནས།
__________________________
ངས་ནམ་རྒྱུན་འདི་ལྟར་ དྲན་གི ༧རྒྱལ་བ་རིན་པོ་ཆེ་མེད་དུ་མི་རུང་བ་དེ་ཡང་བོད་མི་རིགས་ཡིན་ལ། ༧རྒྱལ་བ་རིན་པོ་ཆེ་ལ་དད་པ་དག་སྣང་ཡོད་མཁན་དེ་ཡང་བོད་མི་རིགས་ཡིན་ཟེར་ནས་ དུས་ཀུན་དུ་བོད་མི་དག་གིས་གླེང་བཞིན་ཡོད་པ་རེད། དེ་ཡིན་དུས། ༧རྒྱལ་བ་རིན་པོ་བོད་དུ་གདན་འདྲེན་བྱེད་ཐུབ་མཁན་དེ་ཡང་བོད་མི་ཡིན་ཟེར་ན་ འགྲིག
ང་ཚོས་དེ་རིང་གི་ཉིན་ མོ་འདི་ནི་༧རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་གི་་འཛམ་གླིང་ན་མིང་དུ་གྲགས་པའི་ ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་དེ་མི་ལོ་ཉི་ཤུ་ཏག་ཏག་འཁོར་བར་རྟེན་ འབྲེལ་དང་ཤིས་ཚིག་འབྲི་བའི་ཉིན་མོ་དང་། ཆེས་དགའ་སྟོན་རྟེན་འབྲེལ་དུ་རློམ་བཞིན་པའི་ཉིན་མོ་ཞིག་ཀྱང་ཆགས་ཡོད་དུས། འུ་ཅག་བོད་པ་དག་གིས་དེ་ཉིད་ལ་གཙུག་ཆེན་བྱེད་པ་ནི་༧རྒྱལ་བ་རིན་པོ་ཆེ་མཆོག་ གི་སྐུ་ཚེ་ནང་དུ་རླབས་ཆེན་གྱི་མཛད་པ་འཕྲིན་ལས་ལ་མོས་པ་དང་དག་སྣང་། ཡིད་ཆེས་ཡོད་པར་གླེང་བཞིན་པ་དེ་ཡིན།
ཡིད་ཆེས་ནི་དུས་རྒྱུན་ དུ་མི་ཚེ་ནང་དུ་དགོས་འཁོ་ཆེ་བ་ཞིག་ཡིན་པ་ནི་བཤད་མ་དགོས་པ་མ་ཟད། ལྷག་པར་དུ་༧རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་བྱེད་སྟངས་འདི་ཡང་ངོས་ཟིན་པའི་སྒོ་ ནས་ཡིད་ཆེས་ཤིག་བྱེད་དགོས་ཀྱི་ཡོད་པ་དེ་ཡིན། དེ་ཡིན་དུས་འུ་ཅག་གིས་ད་ལྟའི་བར་དུ་༧རྒྱལ་བ་རིན་པོ་ཆེ་ཚང་ལ་ཡིད་ཆེས་བྱས་པ་ རེད་ལ། ༧ཁོང་གིས་ཀྱང་འུ་ཅག་ཁ་བ་ཅན་གྱི་བོད་མི་ཡོངས་ལ་ཡིད་ཆེས་དང་རེ་བ་བཞག་ནས་འཛམ་ གླིང་མི་མང་གི་མདུན་དུ་ཕེབས་ནས། ང་བོད་པ་ཞིག་ཡིན། དེའི་ནང་གི་བོད་ཀྱི་དགེ་སློང་དཀྱིས་མ་ཞིག་ཡིན་པ་མ་ཟད། བོད་ཀྱི་བདེ་སྡུག་བརྗོད་པའི་བོད་མི་རིགས་ཀྱི་མགྲིན་ཚབ་པ་ཞིག་ཡིན། ཡིན་ཡང་། བོད་མིའི་མཐར་ཐུག་གི་དགོས་འདོད་ཅི་ཡོད་དང་བོད་མི་རིགས་ལ་༧རྒྱལ་བ་སྐུ་ཕྲེང་ བཅོ་ལྔ་བ་དགོས་མིན་དེ་ནི་བོད་མི་རིགས་ཀྱི་ཐག་གཅོད་བྱེད་ངེས་ཡིན་ལ་སོགས་བོད་ མི་རིགས་ནི་༧ཁོང་གིས་མཐར་ཐུག་གི་ཡིད་ཆེས་བྱེད་ས་དེར་རྩིས་ཡོད་པ་རེད།
ཉིན་མོ་འདི་ནི་འུ་ཅག་ ཁ་བ་ཅན་པ་ཡོངས་ཀྱིས་༧ཁོང་གི་ཡིད་ཆེས་དེ་དག་ལ་སྤོབས་པ་ཆེན་པོའི་སྒོ་ནས་མདུན་ བསྐྱོད་བྱེད་པའི་ཉིན་མ་ཞིག་ཡིན་པ་མ་ཟད། དུས་རྒྱུན་དུ་རང་གི་འཚོ་བའི་ནང་གི་དུས་ཚོད་སྐར་ཆ་རེ་རེ་ཡང་། ༧ཁོང་གིས་འུ་ཅག་ལ་བཅོལ་བའི་ཡིད་ཆེས་དེའི་ཆེད་དང་། དགུང་ལོ་བགྲེས་པའི་༧རྒྱལ་བ་རིན་པོ་ཆེ་ཚང་། རང་གི་བཞུགས་གནས་ཁ་བ་ཅན་དུ་གདན་འདྲེན་བྱེད་ཐུབ་མིན་དེ་ཡང་བོད་མི་རིགས་ཀྱི་ སྙིང་སྟོབས། སེམས་ཤུགས། ཞུམ་མེད་ཀྱི་སྤོབས་པ། འགྱུར་མེད་ཀྱི་དམ་བཅའ། ཆིག་སྒྲིལ་གྱི་མདུན་བསྐྱོད། མི་རིགས་ཀྱི་ལྟ་ཞེན་སོགས་ལ་བརྟེན་ནས་༧ཁོང་ཉིད་བོད་དུ་གདན་འདྲེན་བྱེད་དགོས་ པ་ཡིན་ལ། ༧ཁོང་གིས་ཚེ་མཇུག་གི་རེ་བ་འུ་ཅག་བོད་མི་ཡོངས་ལ་བཅོལ་བ་དེ་ཡང་། འུ་ཅག་ཁ་བ་ཅན་པ་གང་ན་སུ་ཡོད་པ་དག་གིས་བསམ་བློ་གཏོང་བ་ནས་བགྲོ་གླེང་བྱེད་པ། བགྲོ་གླེང་བྱེད་པ་ནས་ཚིག་ཐག་གཅོད་པ། ཚིག་ཐག་གཅོད་པ་ནས་ལས་འགུལ་སྤེལ་བ། སྤེལ་བ་ནས་མ་འགྲུབ་བར་དུ་ཕྱི་ནུར་མི་བྱེད་པ། ད་གཟོད་འུ་ཅག་ཁ་བ་ཅན་པ་ཡོངས་ཀྱིས་༧ཁོང་གི་ཡིད་ཆེས་འགྲུབ་ཐུབ་པ་ཡིན་ལ། འུ་ཅག་གིས་༧ཁོང་ཚང་ལ་ཡིད་ཆེས་ཡོད་པ་དང་། དད་པ་དག་སྣང་ཡོད་པ། ༧རྒྱལ་བ་རིན་པོ་ཆེ་བོད་ལ་དགོས་པ་སོགས་ཁ་ཡོད་ལག་ཡོད་ཀྱིས་བསྟན་པ་ཡིན་ཟེར་ན་ འདོད་བྱུང་།
མཐར་ཐུག་ནི་སུས་༧རྒྱལ་ བ་རིན་པོ་ཆེ་ཚང་བོད་དུ་གདན་འདྲེན་ཞུ་ཐུབ་མིན་དེ་ནི་སུས་འཇོན་གྱི་ཡོད་མེད་ དེ་ནི་སྤུན་ཟླ་ཡོངས་ཀྱི་བསམ་བློ་ཞིབ་མོ་གཏོང་དགོས་པ་ཡིན། ང་ལ་ནམ་ཡང་དེ་ནི་བོད་མི་གཅིག་བུའི་ཐུབ་པ་ཡིན་ལ། ༧རྒྱལ་བ་རིན་པོ་བོད་མི་རིགས་ལ་དགོས་པ་དེ་ནི་དངོས་ནས་ཡིན་ན། བོད་མིས་ཐུབ་ཟེར་ནས་ཞུས་པ་ཡིན་ལགས།
སྤྱིར་ན་དེ་རིང་གི་ ཉིན་མོ་འདི་ནི་༧རྒྱལ་བ་རིན་པོ་ཆེ་ཚང་གི་གཟེངས་རྟགས་བཞེས་དེ་མི་ལོ་ཉི་ཤུ་ འཁོར་བའི་དུས་དྲན་ཡིན་ལ། དེ་ལ་ཤིས་ཚིག་ཞིག་བྲིས་དེ། དད་པ་དག་སྣང་ཡོད་ཁུལ་གྱི་རྣམ་པ་ཞིག་སྟོན་དགོས་པའི་ཁྲལ་ལྟ་བུའི་ནད་ཚ་ཞིག་ བོད་མི་ཀུན་ལ་ཡོད་ཀྱང་། ངས་ནི་དེ་ལྟར་མ་བསམ་པར། རང་གི་རྒྱུན་དུ་ཡིད་ལ་དྲན་བཞིན་པའི་སྐོར་ནས་ཉུང་ངུ་ཞིག་སྤུན་ཟླ་ཁ་བ་ཅན་པ་ ཡོངས་ལ་ཞུས་པ་ཡིན།
དྲ་ཐོག་གི་སྤུན་ཟླ་ཚོ་ལགས། འུ་ཅག་གིས་དོན་དངོས་སུ་༧རྒྱལ་བ་རིན་པོ་ཆེ་ཚང་ལ་དད་པ་དམ་ཚིག་གཙང་མ་ཡིན་ཟེར་བ་དེ་བདེན་པ་ཡིན་མིན་རང་གི་སེམས་སུ་འདྲི་རན་རེད་མི་འདུག་གམ་ལགས།