ཨཱཙཱརྱ་ཨག་ལོད་ཀྱིས།
༄༅། །ངའི་སེམས་ཀྱི་ནགས་ཀློང་དུ་རྟག་ཏུ་རྒྱུ་ཞིང་ཤུགས་ཀྱིས་འགུལ་བ་ནི། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་གིས་མི་ནོན་ཞིང་བླ་མ་དང་གོང་མའི་མཐུ་དབང་གིས་ཀྱང་ནམ་ཡང་འཇོམས་མི་ཐུབ་པའི་བྱེས་ཀྱི་སྟག་སེང་གི་འགྲན་རྩོད་དེ་ལགས།
རྒྱུ་མཚན་ནི། འགྲན་རྩོད་དེ་ནི་མི་རིགས་འདི་མང་གཙོའི་ལམ་ཆེན་ལ་བསྐྱོད་པའི་འགྲན་རྩོད་དྲག་པོ་ཞིག་ཡིན་ལ། དགའ་ལྡན་ཕོ་བྲང་གི་དབང་ཆའི་ཁ་བཏགས་དཀར་པོ་སྒྲིག་འཛུགས་ཀྱི་མགྲོན་པོའི་མགུལ་ལ་ཡོངས་སུ་སྒྲོན་པའི་འགྲན་རྩོད་ཐོག་མ་དེ་ཡིན། ད་དུང་། བྱེས་ཀྱི་ལོ་རྒྱུས་གླེགས་བམ་དཀར་པོར་ནག་ནོག་གིས་དྲི་མ་ཐིག་ལེར་འཁྱིལ་ཏེ་མཛེས་སྡུག་གི་བླ་སྲོག་ཤོར་བའི་འགྲན་རྩོད་ཅིག་ཀྱང་ཡིན་མོད། དྲང་པོར་བཤད་ན། འཁོན་གྱི་གདུང་བརྒྱུད་དང་། ༸རྒྱལ་པཎ་སྐུ་ཕྲེང་ན་རིམ་སོགས་ཀྱིས་བྱིན་རླབས་ལས་སྦྲུམས་པའི་ཆོལ་གསུམ་ཆིག་སྒྲིལ་གྱི་སྲུང་མདུད་ཀྱི་མདུད་བརྒྱ་བཀྲོལ།
དེའི་ཕྱིར། འགྲན་རྩོད་ཀྱི་གཟུགས་བརྙན་དེ་ཡིད་ཀྱི་མཚོ་ཁར་འཆར་ཐེངས་རེར། ཁོང་ཁྲོ་དང་ཞེ་སྡང་གི་རླབས་རིས་དུ་མ་ཞིག་གཅིག་མཇུག་གཉིས་མཐུད་དུ་འཕྱུར་ཡོང་། གཞན་ཡང་ཁྱོད་ཕམ། ང་རྒྱལ། ཁྱེད་རྫུན། ང་བདེན་ཞེས་པའི་འགྲན་རྩོད་ཀྱི་རྙོག་གཏམ་མང་མང་ཞིག་ཀྱང་ཁོ་བོའི་སེམས་ཀྱི་ཟབ་ནས་གསོན་པོར་འགུལ་ཞིང་ལྷང་ལ་འབུས་ཡོང་། ངོ་མ། དེ་ནི་སེངྒེ་དང་སྟག་གི་འགྲན་རྩོད་ཅིག་ཡིན་ཡང་། ང་ཚོ་དང་ལས་དབང་གི་རྨུ་ཐག་གཅིག་ལ་བརྒྱུས་ནས་ཡོད།
ཞེན་ཆགས་ཀྱི་མཆེ་སྟེར་རྣོ་ཞིང་། རང་ཚུགས་ལ་མགོའི་དར་ལྕོག་ལ་བཅོལ་བའི་མི་བུ་འགས། སེངྒེ་ནི་བོད་གདོང་དམར་ཚང་གི་རུས་བརྒྱུད། ཆོལ་ཁ་གསུམ་གྱི་ཡ་གྱལ། མདོ་སྟོད་མི་ཡི་ཆོལ་ཁ་ལས་མཆེད་པའི་སྒང་དྲུག་གསར་རྙིང་གི་མི་བརྒྱུད་ཁྲུས་ནས་མི་དག་པ་དེ་རེད་ཟེར། ཡང་ལ་ལས་སེངྒེ་ནི། སྐྱེས་སྟབས་རིག་པའི་འོད་མདངས་བཀྲ་བ། སྦྱངས་སྟོབས་ཤེས་རིག་གི་དྲོད་ཁོལ་འཛོམས་པ། ད་བར་དུ་འཛམ་གླིང་ཆབ་སྲིད་ཀྱི་སྡིང་ཆའི་སྟེང་འུ་ཚང་གི་ལས་དབང་སྐྱ་བོ་གད་རྒྱངས་སུ་སྒྲོགས་མཁན་ཐོག་མ་དེ་ཆགས། ཞེས་ཤེས་རིག་ལ་དུང་བའི་མི་བུ་དེས་ཉམས་བཟང་གི་སྨ་ར་བྱིལ་བྱིལ་བྱེད་ཞོར་འདི་ལྟར་སྨྲས།
དེ་མ་ཐག་ང་རྒྱལ་གྱི་རི་རབ་བརྩེགས་ཞིང་། ཞེ་སྡང་གི་རླུང་འཚུབ་གཡོ་བའི་སྐྱེས་བུ་འགས། ཆང་བཟིའི་ཁ་དང་གཉིད་བཟིའི་རྐུབ། ཅེས་སྡིགས་དམོད་དང་སྦྲགས་སྨྲས་པ། མདུན་ཕྱོགས་ཀྱི་སྟག་རྒོད་དེ་ནི། སྤུར་རྒྱལ་གཉའ་ཡི་གདུང་བརྒྱུད། སྤྱན་རས་གཟིགས་ཀྱི་དག་ཞིང་། རིག་པའི་ཉི་ཟླ་འབར་ས། ཆོལ་ཁ་གསུམ་གྱི་ཡ་གྱལ་ལས་མདོ་སྨད་མི་ཡི་རྣམ་སྤྲུལ་དངོས་དེ་ཡིན་སྐད་བརྗོད། དེའི་མོད་ལ་སྐོར་ཞིག་གིས་སྟག་རྒོད་དེ། ཤེས་རིག་གི་ཐིག་ལེ་སྒོར་བ། ཉམས་མྱོང་གི་སྤུ་དོག་ལེགས་པ། དུང་ཞེན་དང་ལ་རྒྱ་ཡི་མཆེ་སྟེར་རྣོ་བའི་རིགས་བཟང་གི་རྒྱུད་རབ་ཡིན་ལུགས་བརྗོད། དེའི་རྗེས་སུ་ཕྱོགས་ལྷུང་དང་ཉེ་རིང་གི་གཡང་སར་ལྷུང་ཞིང་། རྣམ་དཔྱོད་ཀྱི་བློ་མིག་ལྡོང་བའི་དབུས་པའང་འཚང་ཞིང་རྒྱུགས།
འུར་ཟིང་ཤིན་ཏུ་ཆེ་བའི་ལོ་ཞིག་ལ། སེང་གེ་དང་སྟག་གཉིས་མི་མང་ཁྲི་ཚོགས་མང་པོའི་མདུན་དང་། དེང་རབས་དར་ཁྱབ་ཆེ་བའི་རྒྱུད་ལམ་འདྲ་མིན་གྱི་སྡིང་ཆའི་སྟེང་དངོས་སུ་འགྲན་རྩོད་ཐུག སེང་གེས་ཁོ་བོ་ནི། བརྒྱུད་རིམ་གྱི་གཡུ་རལ་རིང་བ། ཤེས་རིག་གི་དཔའ་རྩལ་རྒོད་པ། སྐད་རིགས་ཀྱི་གད་རྒྱང་རིང་ལ་གསང་བས་བྱེས་ཀྱི་རི་ལུང་གི་དབང་པོ་ཁོ་བོ་ལས་སྟག་ལ་མི་འོས་ཞེས་རེ་བའི་མཇུག་མ་རིལ་རིལ་དུ་བརྐྱངས། སྟག་རྒོད་ཀྱིས་ཀྱང་ཁོ་བ་ལ་གོང་ལས་ལྷག་པའི་ཉམས་མྱོང་གི་སྤུ་རྩ་ཐུག་པས་རང་ཉིད་ཤིན་ཏུ་འོས་ཤིང་འཚམས་ཞེས་སྐྱབས་འཇུག་གི་ལྕེ་རིང་ཡང་ནས་བསྐྱར་དུ་མནར། ལོ་མཇུག་དེར། སེང་གེ་སྒྲིག་འཛུགས་ཀྱི་ཁྲི་འཕང་དུ་འཁོད་དེ་ཀུན་གྱིས་མི་དབང་ཞེས་པའི་ཆོ་ལོ་སྦྱིན།
དུས་དེ་ནས་བཟུང་སེང་སྟག་གཉིས་ཀྱི་འགྲན་རྩོད་དེ། ཕྱི་ཆར་པའི་ཆར་ཐག་ཆོད་ཀྱང་། ནང་ཐིགས་པའི་ཐིགས་ཐག་མ་ཆད་པར་ལུས་རྐྱེན། ཁ་སང་ཁ་ཆར་དང་བུ་ཡུག་གིས་རི་ལུང་ཡོངས་སུ་བཀླུབས་པའི་ཞོགས་པ་ཞིག་ལ། སྟག་རྒོད་ཀྱི་རྒྱབ་བརྟེན་ཝ་མོར་བཅོལ། སེང་གེའི་དཔུང་ཟུར་གཟིག་ལ་བརྟེན་ནས་ཁ་མཆུ་ཨང་ཉི་ཤུའི་སྒོ་གླེགས་ཐོག་མར་བརྡུངས། སྐབས་དེར། ཞེན་ཁོགས་དང་ཕྱོགས་ལྷུང་གི་འཁུར་བོ་ལྕིད་ཅིང་། རྣམ་དཔྱོད་ཀྱི་སོ་ཁ་ཟད་པའི་མདོ་སྟོད་པ། མདོ་སྨད་པ། དེ་བཞིན་དབུས་པ་བཅས་ཀྱིས་སླར་ཡང་ཚིག་རྩོད་ཀྱི་ཆུ་རྒྱུན་རིང་ནས་རིང་དུ་ཁྲིད་མགོ་བརྩམས་སོང་།
གང་ལྟར། ངས་སེངྒེ་དང་སྟག་གི་ཆབ་སྲིད་ཀྱི་འགྲན་རྩོད་ཀྱི་གར་སྟེགས་དབུས་སུ་བསྒྲེངས་ནས། ཆོལ་ཁའི་འཐེན་འཁྱེར། སྤྱི་ཚོགས་དབྱེན་དཀྲུག ལོ་རྒྱུས་ནག་ཐིག མི་ཁའི་ཐོག་སེར་སོགས་མང་པོ་ཞིག་ལ་ཕྱིར་རྟོག་བྱེད་ཀྱིན། རྒོད་སྒྲས་ཁེངས་ཤིང་རྩོད་རྙོག་དབེན་པ། ཆིག་སྒྲིལ་གྱི་ལག་རྡང་སྦྲེལ་སའི་ཤེས་རིག་གི་མཆོད་སྟེགས་སུ་མུ་མཐུད་ཕྱོགས། །
སརྦམངྒལཾ།། །།
ཆུ་མགོ་གངས་ལ་ཐུག་པ་བཞིན་རྙོགས་གླེང་དེ་མགོ་ནས་བྱུང་བ་ཞིག་རེད།
འོན་ཀྱང་གཞུང་ཞབས་ལས་བྱེད་རྣམས་ཀྱི་དྲང་བདེན་སུ་ཡིན་ཧ་གོ་ཡང་ཁ་ཙུམ་ནས་བཞུགས་འདུག མཆོད་མེ་ཁྱིའི་འཁྱེར་ཡང་འཛུམ་མེ་རེ་དང་།
ཤེས་ཡོན་ཅན་༼ཀླད་ཡོད༽རྣམས་ནི་དྲང་བདེན་ལ་རྒྱབ་སྐྱོར་དང་།
ཀླད་མེད་རྣམས་ནི་ཕྱོགས་རེ་བ། ད་ཡིན་ན་འདུག
ང་ནི་དྲང་བདེན་ལ་རྒྱབ་སྐྱོར་ཡོད། ཁྲིམས་ཞིབ་ཁང་ལ་དད་གུས་དང་། བརྩི་བཀུར་ཡིད་ཆེས་ཡོད། དྲང་པོ་གནང་རོགས་གནང་ཐུགས་རྗེ་གཟིགས། གཞན་ད་ནི་བཀའ་ཤག་དང་སྤྱི་འཐུས་ལ་་་་་་་་་་་་་་ སྔ་མ་ཡིན་ན་གཞུང་དང་གཞུང་ཞབས་ལ་བརྩི་བཀུར་ཡོད། ད་གང་འདྲ་ཡིན་ན།
དཔྱད་རྩོམ་ཚོན་པོ་ཚོན་པོ་འདི་འདྲ་ཞིག་མཐོང་བ་ད་རེས་དང་པོ་ཡིན། ཁྱོད་ཨ་ཙཱ་ར་མི་རིག་གི། སློབ་དཔོན་དྲ་མ་ཞིག་རིག་གི། ཁྱོད་ཨག་ལོད་ཡིན་རྒྱུ་མི་གདའ། ཨག་ལེགས་ཡིན་བཞིན་ཁ། བརྗོད་བྱ་རྗོད་བྱེད་གང་གི་ཆ་ནས་ཀྱང་ལེགས་པས། རྩོ་ཡིག་འགྲན་བསྡུར་གྱི་བྱ་དགའ་འདྲ་ཡོད་ན་ཁྱོད་ལ་ལོས་འབུལ།
སེངྒ་དང་སྟག་ཡིན་མིན་ནི་མི་ཤེས་སྨྲ་ཤེས་དོན་གོ་བའི་མི་ནི་ཡིན་ལ་ཆོག་
བཙན་བྱོལ་བོད་མིའི་ལོ་རྒྱུས་ནི་སུ་གཅིག་གི་སྲུབ་མི་ཐུབ་ལ་ཆེས་མཐོའི་
ཁྲིམས་ཞིབ་ཁང་ནས་ཁ་ཆུ་ཨང་ཉི་ཤུ་གི་བཅད་ཁྲ་ག་དུས་་་་་་་་་་་་་་་་
ཨཱ་ཙཱ་ལགས་ཁ་སང་ཁ་ཆར་དང་བུ་ཡུག་དེ་ཕྱོགས་ག་ནས་ལངས་ཡོད་མེད་ཐོག་ལ་རྩོམས་དེ་ཁ་གསལཔོ་རང་བྱུང་མི་འདུག་
སྟག་དང་སེངྒེའི་དཔྱད་རྩོམ་དེ་ཆ་ཚང་བ་ཞིག་ཀློག་པ་ཡིན་བརྗོད་བྱ་དང་བརྗོད་བྱེད་གང་གི་ཆ་ནས་བལྟས་ཀྱང་མཁྱེན་ཡོན་ལྡན་པ་ཞིག་གིས་སྐད་ཆ་རང་རེད། ཡིད་སྨོན་སྐྱེས་སོང་། ཡིན་ཡང་ཁྲིམས་ཞིབ་ཁང་ད་དུང་གཉིད་ལ་ཤོར་བ་འདྲ། དཔྱད་ཁྲ་ད་དུང་མཐོང་ཡས་མིན་འདུག ཡག་ཉེས་ཀྱི་གནས་ཚུལ་གང་ཡིན་ཡང་ཕྱི་གསལ་ནང་གསལ་བྱུང་བ་ཡིན་ན་མི་མང་ལ་སྡབས་སིག་མི་ཡོངས་བར་ཕན་དོགས་ངེས་ཅན་ཞིག་ཡོང་སྲིད་སྙམ། ཁྲིམས་ཞིབ་ཁང་ནས་དཔྱད་ཁྲ་མགྲོགས་ཙམ་འདོན་རྒྱུའི་གསོལ་འདེབས་ཞུ་རྒྱུ་ཡིན།
https://www.youtube.com/watch?v=jCVNGtopHJU&t=44s
ཨག་ལོད། གཞན་དག་གང་ཡང་བརྗོད་འདོད་མེད། བློ་སྤེན་གཉིས་ཀྱི་གདོང་ཐུག་དང་དབུས་པ་ཚོ་འབྲེལ་བ་གང་ཡང་མེད་པ་དེ་ཁྱོད་ལ་གསལ་བརྗོད་བྱེད་འདོད་བྱུང་། དབུས་པ་རྣམས་རྣམ་དཔྱོད་ཀྱི་བློ་མིག་ལྡོང་འདུག་ཅེས་བཤད་པ་ནི། ཁྱོད་རང་དོན་དངོས་ལ་རྒྱུས་མངའ་མེད་པའི་ངན་རྟགས་རང་རེད། གང་ན་བདེན་པ་ཡོད་ན་དེ་ན་དབུས་པ་ཚོས་རྒྱབ་ལངས་བྱ་དགོས་པ་ནི་ཆོལ་ཁའི་རྩ་དོན་དང་། ཆོས་རྒྱལ་གོང་མ་རྣམས་ཀྱི་རྗེས་མཐུན་གྱི་ལས་རེད། ཁྱོད་འདྲ་བ་མཐུན་སྒྲིལ་ལ་འདོད་མོས་ཞེ་དྲགས་ཡོད་མདོག་སྟོན་ནས་རྒྱབ་ལོགས་ནས་ག་དུས་ཡིན་ཡང་གཅིག་འགྲིག་མི་འདུག་གཉིས་འགྲིག་མི་འདུག་ཅེས་མུག་མུག་བཤད་མཁན་ཚོ། དོན་ངོ་མ་ལོ་རྒྱུས་ཀྱི་ཉེས་ཅན་པ་དང་ཆོལ་ཁའི་ཞབས་འདྲེན་རང་རེད།
ཧ་ཧ། བཅད་ཁྲ་མགྱོགས་ཙམ་གདོན་པ་ལ་སློབ་སངས་ཚང་གིས་ཤོག་སྦུབས་རླུང་འཚང་གིས་བཅད་ཁྲའི་ནང་གང་དང་ཅི་དགོད་ཐད། ་ཁྲིམས་ཞིབ་པ་རྣམས་ཁ་མ་ཆམ་པར་བསྡད་ཡོད་པ་གཞིར་གྲུབ། མི་མང་གི་བསམ་ཚུལ་ལ་ཡང་། དཔལ་ལྡན་ལྷ་མོ་མཁྱེན། ད་ཡང་བ་མོ་འདིའི་ཉལ་སྟངས་ལ་བལྟས་ན། བེའུ་མཇིང་ཀྱོག་ཅིག་སྐྱེ་རྒྱུ་ཡིན་པ་ཁག་ཐེག་ཅེས་ཟེར་བཞིན་འདུག་པ་འདིར་བྲིས།
ད་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲ་ལ་སྒུག་ནས་འདུག བཅད་ཁྲ་ཐོན་པའི་ཉིན་མོ་སུ་ཞིག་གིས་གཞུང་དང་གནས་ལུགས་གཙུག་ཏུ་བཀུར་བ་དང་སུ་ཞིག་གིས་སྒེར་དང་གཡོ་གཏམ་སྐྱབས་སུ་བསྟེན་མིན་གསལ་ཐག་ཆོག་གི་རེད།
སེངྒ་དང་སྟག་གི་ཁ་མཆུ་ལ་སོང་བཅད་ཁྲ་ལ་ཉུང་མཐར་ཤོག་ལྷེ་གཅིག་
སྟོང་ལྔ་བརྒྱ་ཙམ་དགོས་པས་བཅད་ཁྲ་འཐོན་པ་ལ་དུས་ཚོད་ཇི་ཙམ་
འགོར་ཆེ་བ་དེ་ཙམ་གྱིས་ཁ་མཆུའི་ནང་དོན་ལ་དོན་སྙིང་ལྡན་པ་མ་
འོངས་བོད་ཀྱི་ལོ་རྒྱུས་ནང་སྲུབ་ནས་ཟུབ་རྒྱུ་མེད་པའི་་བཙན་བྱོལ་
སྒྲིག་འཛུགས་ཀྱིས་བྱས་རྗེས་ཆེ་ཤོས་དེ་ཡིན་པའི་ངོས་འཛིན་བྱ་
ཆོག།
ཉེས་པའི་བུ་ལ་ཉེས་པ་མ་བཏང་ན།
བྱེད་པོ་ཐམས་ཅད་ཉེས་པའི་རྒྱུ་རུ་འགྲོ།
བཟང་པོའི་མི་ལ་བྱ་ག་མ་ཕུལ་ན།
བཟང་ངན་མེད་པའི་མི་ངན་ས་སྟེང་ཁེང།
རྐུད་པའི་བསྡམས་ན་བརྒྱ་རེད།
ཁྲིམས་ཀྱི་བསྡམས་ན་གཅིག་རེད།
ཁྲིམས་སྲུང་ངོ་ཚ་ཁྲིམས་ཀྱི་འགན།
ཁྲིམས་འགལ་ངོ་ཚ་ཁྲིམས་འགལ་འགན།