—–ལྷ་རྒོད།
(གཞིས་བཞུགས་སློབ་ཆེན་བུ་མོ་ཞིག་ལ་ཀུ་རེའི་ཚུལ་དུ་བྲིས།)
མ་བཅོས་འཛུམ་གྱི་བཞིན་རས་དེ་ཡིས་ཕོ་གཞོན་སྟོང་གི་ཡིད་དབང་འཕྲོག །
དར་ལ་བབས་པའི་ལང་ཚོ་དེ་ཡིས་མཛེས་མ་ཁྲི་ཡི་སེམས་ཁམས་དཀྲུགས།།
མཚར་སྡུག་འཇོ་སྒེག་ཡོངས་སུ་རྫོགས་པའི་སློབ་ཚོགས་དཀྱིལ་གྱི་སྨིན་ལེགས་མ།།
བཙུན་པ་བདག་གི་སྙིང་ཁམས་མ་དཀྲུག་མི་མངོན་གནས་སུ་ཡིབ་པར་མཛོད།།
མ་བསྒོམས་ཁྱེད་ཀྱི་ཞལ་རས་དེ་ནི་འདྲེན་བྱེད་ཡུལ་དུ་ལྷམ་མེར་མངོན།།
མ་བསམ་ཁྱེད་ཀྱི་གཤིས་བཟང་དེ་ནི་དྲན་པའི་ངོགས་སུ་ལྷང་ངེར་འཆར།།
མ་བཟང་བུ་མོ་ཁྱེད་ཉིད་མཇལ་དུས་ཡིད་ཀྱི་ཕ་མཁའི་ཀ་གདུང་འགྱེལ།།
མ་གཞི་འུ་གཉིས་བར་ཐག་དེ་ནི་གཤིན་རྗེའི་ཁྲིམས་གཅོད་བཙན་པོ་ཞིག །
ཁ་ཁོག་དབྱེར་མེད་བདེན་པའི་གཏམ་འདིའི་རིན་ཐང་རྟོགས་པའི་རེ་བ་ནི།།
ཁ་ཙམ་མིན་པར་དམར་ཆུང་སྙིང་གི་དཀྱིལ་མ་ཞིག་ནས་རྡོལ་བཞིན་དུ།།
ཁ་བའི་ཡུལ་གྱི་བཞིན་བཟང་ཁྱེད་ལ་ས་མཐར་འཁྱམས་པའི་བུ་ཆུང་ངས།།
ཁ་ངན་མ་འཇིགས་སེམས་ཀྱི་གསང་བ་འཚབ་འཚུབ་ངང་ནས་དྲྭ་ངོས་བཀོད།།
ཨ་ཕ་རྒན་པོས་མིག་ལོག་གཟིགས་ཀྱང་ཨ་མའི་བུ་ངས་སྣང་མེད་བསྐྱུར།།
ཨ་མ་རྒན་མོས་ངུ་བརྡུང་བཏང་ཡང་ཨ་ཞེ་ཁྱེད་ལ་བྱ་ར་བྱེད།།
ཨ་ཉོག་དག་གིས་གཏམ་ཉོག་བཤད་ཀྱང་ཨ་ཕོ་བདག་ལ་ཕྱི་ནུར་མེད།།
ཨ་ཞེ་ཁ་དྲོ་ཚེ་རིང་ལོ་བརྒྱས་ཨ་བུ་ང་ལ་ཡིད་ཆེས་མཛོད།།
སྡོམ་པ་ནི་བཙོན་པའོ།
གྲོལ་བ་ནི་བདེ་སྐྱིད་དོ།
གཟན་ཤམ་དེ་ལྷག་མའོ།
འདོད་ན་ནི་དེ་བསྐྱུར་ཞོག
ཡང་ཡང་དྲན་པ་ལྷོད་དུ་བབས་པ་ན།།
འཇིག་རྟེན་བྱེད་པོ་ལས་སུ་འགྱུར་བ་ཞིག།
དྲན་འཛིན་ཀུན་རྟོག་བློ་ལ་མི་ཤར་བ།།
ལས་ཀྱི་རྟེན་འབྲེལ་ཤིན་ཏུ་བསྐལ་བས་སོ།།