སེང་གདོང་སྐྱབས།
——-རྨི་ལམ་ཞིག་གི་རྐྱེན་བྱས་ཏེ་བིས་མདོ་བུ་མོར་བྲིས།
སྨད་ཕྱོགས་རོང་ནས་འཚར་བའི་བིས་མདོའི་བུ་མོ།།
ལྷན་སྐྱེས་གཤིས་ལུགས་འཇམ་པོའི་མཛེས་བ་དེ་ཡིས།།
སྐལ་བའི་བག་ཆགས་མཐའ་མེད་རྒྱ་མཚོ་གང་ཞིག།
བདག་སེམས་ཚོར་བའི་རླབས་ལ་གཏན་དུ་བསྐྱིལ་སོང་།།
རེ་བའི་རྨི་ལམ་ཞིག་གིས་བྱིན་རླབས་བསྩལ་དུས།།
སྔོ་ལྗང་གཡུ་ལོ་བཀྲ་བའི་ཞིང་ཁ་དེ་རུ།།
འོ་སྤྲིའི་རོ་བཅུད་འཁྱིལ་བའི་ཁྱེད་ཀྱི་མཆུ་སྒྲོས།།
ཁོ་བོས་ལན་གསུམ་འཇིབ་པའི་རྨི་ལམ་མཛེས་ཨང་།།
ཁྱེད་རང་དོ་དགུང་རླུང་བཞིན་གང་ནས་སླེབས་ཡིན།།
ཨམ་ཕྲུག་སྦྲང་པོ་སྙིང་ནས་དྲན་པ་ཨེ་བདེན།།
གཡུང་མོ་ལུ་གུའི་གཤིས་ཀྱི་བདག་གི་པང་ཁར།།
ལྷན་སྐྱེས་ཁ་བ་བཞིན་དུ་མར་མར་བབས་བྱུང་།།
ཆུང་ནས་རིང་དུ་བསྐྱངས་བའི་ལང་ཚོའི་མེ་ཏོག།
བདག་ལ་སྐྱེས་སུ་ཕུལ་བའི་འཁྲུལ་གྱི་རྨི་ལམ།།
ཚེ་གཅིག་སྨོན་པ་ཤོར་བའི་དག་ཞིང་དེ་ཡིན།།
མངོན་སུམ་སྟོན་ལོ་སྨིན་པའི་དུས་ཤིག་ཡོད་ན།།
ཚོར་བའི་རླབས་ལ་ཞུགས་པའི་རྨི་ལམ་ཀློང་དུ།།
ཚེ་གཅིག་མཉམ་དུ་གཤིབས་པའི་གསེར་གྱི་དམ་ཚིག།
མི་ཞུགས་རྡོ་རྗེ་ཕུར་བ་སྙིང་ལ་བརྡབས་སོང་།།
མི་ཚེ་མཛེས་བ་རྫོགས་པའི་དུས་ཤིག་ཤར་སོང་།།
འཇམ་མཉེན་ཕྱག་ཟུང་གཉིས་ཀྱི་རེག་བྱ་དེ་ཡིས།།
གཏན་བདེའི་དབང་མེད་མིག་ཟུང་ཅི་དགར་ཟིམ་སོང་།།
ཁུ་བྱུག་གསུང་སྙན་བཞིན་ཀྱི་སྐད་སྒྲ་དེ་ཡང་།།
དབྱངས་ཅན་ལྷ་མོས་པུ་ཝང་དཀྲོལ་བ་མིན་ནམ།།
རོང་འབྲོག་ལྟ་བའི་འཁྱེར་སོང་ང་ཡིས་མ་བཤད།།
ཁ་སྣའིི་ལ་རྒྱ་ཙམ་པོ་ཁྱོས་ཀྱང་མ་བལྟས།།
གཉིས་མོས་འདོད་བརྩེ་དག་པའི་སྲིད་པའི་གྲོང་ནས།།
ལྷན་ཅིག་འཛོམས་པ་མི་ཚེ་མཛེས་བའི་དབྱར་རེད།།
རྒྱུ་དང་འབྱོར་བ་བདག་ལ་ཡོད་པ་མ་ཡིན།།
ཐོབ་དང་གོ་ས་མི་འདིའི་འཚོལ་བྱ་མ་ཡིན།།
ཨ་ཅེ་རོང་མོར་འགྲོགས་པའི་བརྩེ་བ་དམར་པོ།།
རྒྱབ་མདུན་མངོན་ལྐོག་བྲལ་བའི་ཕུགས་རེ་དེ་ཡིན།།
རྒྱབ་བརྟེན་དཔུང་གཉེན་བྲལ་བའི་ས་མཐའ་འདི་སྟེ།།
ཁྲེལ་གཞུང་ཆུ་ལ་སྐྱུར་བའི་དུས་གསར་འདི་རུ།།
ཁྱེད་ང་འདྲེས་བའི་སློབ་གྲྭའི་མི་ཚེ་ཧྲིལ་བོ།།
ཁྲག་རྒྱུན་གཅིག་ལས་ད་དུང་རིང་དུ་འགོངས་སོང་།།
སྒྱུ་འཕྲུལ་གཡོ་ཡིས་བསྟན་པ་དར་བའི་དུས་འདིར།།
མི་སེམས་དབྱར་སྤྲིན་འཁྲིགས་པའི་རེས་མོས་མོད་ཀྱང་།།
ཁྱེད་ཀྱི་ངང་རྒྱུད་ཕྱི་ཐག་འཇོལ་མོའི་གཤོག་རྩ།།
རྣག་གིས་ཟིན་འགྲོ་བདག་ལ་དོགས་པ་མི་འདུག།
ལེ་དབར་སྟོང་གིས་གྱེས་བའི་འུ་གཉིས་བར་ཐག།
དེ་རིང་གཞལ་བའི་བགོ་སྐལ་འདི་ན་མེད་ཀྱང་།།
དངས་གཙང་སེམས་ཀྱི་བརྩེ་བའི་མེ་ཏོག་དམར་པོ།།
འཇིག་རྟེན་དཀར་ངོགས་འདི་ནས་གཏན་དུ་མི་ཡལ།།
ཡག་གི་ དེང་སེང་གསར་བུ་འདི་ཚོ་ངོ་མ་ཡར་ཐོན་ཡོད་ཀི