རྩོམ་པ་པོ། གངས་སྨྱུག
ཀུ་ཤུ་ཁ་པར་ཐོན་པ་ནས་བཟུང་བོད་ནང་ཁུལ་དུ་རབ་བྱུང་པའི་སྡེ་དང་འབྲོག་ཁུལ་པ་དག་གིས་ཁ་པར་དང་དྲྭ་ལམ་ཁག་ཏུ་བོད་ཡིག་བཀོལ་སྤྱོད་ཆེས་ཆེར་བྱེད་ཀྱི་ཡོད་ལ། དོ་སྣང་ཡང་ཆེན་པོ་བྱེད་ཀྱི་འདུག མ་ཚད་ཕྱི་རྒྱལ་པ་དག་གིས་བོད་ཀྱི་སྐད་ཡིག་ཐོག་ཏུ་ཡོད་པའི་ཚད་མ་རིག་པའི་གཞུང་ནས་བཤད་པའི་སྐྱེ་བ་སྔ་ཕྱི་རྣམ་བཞག་དང་། ནང་དོན་རིག་པའི་གཞུང་ནས་བཤད་པའི་ལྟ་བ་སྟོང་ཉིད་དང་བདེན་མེད་ཀྱི་རྣམ་བཞག་སོགས་ལ་དོ་སྣང་ཆེས་ཆེར་བྱེད་ཀྱི་འདུག་ལ། དེའི་ཆེད་དུ་ཁོ་ཚོས་བོད་ཀྱི་སྐད་ཡིག་གཉིས་ལ་སློབ་སྦྱོང་ཡང་མི་དམན་པ་བྱེད་ཀྱི་ཡོད་ཚོད་འདུག དེའི་དབང་གིས་སྔོན་དང་མི་འདྲ་བར་བོད་སྐད་ཡིག་གཉིས་ཕྱི་ཕྱོགས་སུ་དར་ཁྱབ་འགྲོ་བཞིན་ཡོད་པ་དེ་ནི་སེམས་པ་དགའ་འོས་པ་ཞིག་དང་། ཡིད་སེམས་སྤྲོ་དགོས་པ་ཞིག་ཅི་ལ་མིན།
འོན་ཀྱང་གནད་དོན་གཞན་ཞིག་གི་ངོས་ནས་བལྟས་ན། སེམས་པ་སྐྱོ་དགོས་པ་ཞིག་དང་། སྡུག་བསྔལ་བྱེད་འོས་པ་ཞིག་ལ། རང་གི་ལྟོ་རྒྱབ་ཙམ་ལས་བསམ་མི་ཤེས་ཤིང་། སློབ་སྦྱོང་ཡང་རྒྱུགས་སྐར་འཐོབ་ཆེད་ཙམ་དང་། ཕོགས་སྒོར་སྟོང་ཁ་ཅན་གྱི་གོ་ས་མ་གཏོགས་ད་ལྟའི་རང་མི་རིགས་ཀྱི་གནས་བབ་དང་། མ་འོངས་འབྱུང་འགྱུར་གྱི་བདེན་མཐའ་ཡིད་ལ་འཁོར་ཙམ་ཡང་མི་ཤེས་པར་ལྟོ་གང་འགྲང་དང་། ལུས་གང་དྲོ་རུ་རྒྱུག་པའི་བོད་པའི་སློབ་མ་དག་གི་ཁྲོད་དུ་བོད་ཀྱི་སྐད་ཡིག་གཉིས་ཀྱི་རིན་ཐང་ཅི་འདྲའི་དམའ་ཞིང་བཀོལ་སྤྱོད་མེད་པ་ལ། དེ་ཡང་ཁོང་ཚོས་བོད་ཀྱི་སྐད་ཡིག་མ་ཤེས་པའི་དབང་གིས་བཀོལ་སྤྱོད་མེད་སོང་བ་དང་། ཡང་ན་སྲིད་གཞུང་གི་བཙན་དབང་གིས་བེད་སྤྱོད་བྱེད་མ་བཅུག་པ་གང་ཡང་མ་ཡིན་པར་ཁོ་ཚོ་ནི་ལྟོ་ཡི་ཆེད་དུ་འཚོ་ཞིང་ལྟོ་ཡི་ཆེད་དུ་མི་ཚེ་རྫོགས་མཁན་ཡིན་ལ། ཁོ་ཚོ་ནི་སྒོར་ལ་དགའ་ཞིང་སྒོར་གྱི་ཆེད་དུ་ཅི་ཡིན་ཡང་སྒྲུབ་ཕོད་པ། སྒོར་གྱི་ཆེད་དུ་རིག་གཞུང་དང་སྐད་ཡིག མི་རིགས། མདོར་ན་ཡོད་ཚད་འདོར་ཕོད་པས་ཡིན་ནོ།།
ལྷག་ཏུ་དཀར་མཛེས་ཁུལ་དང་ཡུལ་ཤུལ་ཁུལ་འོག་གི་སློབ་བུ་དག་དང་ལས་བྱེད་པ་ཚོས་བོད་སྐད་ཡིག་ལ་དམའ་འབེབ་དང་རྩ་མེད་དུ་གཏོང་ཅི་ཐུབ་བྱེད་ཀྱི་འདུག་ལ། བཀོལ་སྤྱོད་བྱེད་མཁན་ཚོ་ལ་མཐོང་ཆུང་གི་རྣམ་འགྱུར་དང་ཁོང་ཁྲོའི་སྡང་མིག་བགྲད་པ་མ་གཏོགས་མཐོང་ཆེན་དང་སློབ་སྦྱོང་བྱེད་པའི་བསམ་པ་ཁྱོན་ནས་མེད་འདུག སོམས་དང་སྡང་དགྲ་བོའི་མཐོང་ན་མིག་ཆུ་འཆོར་བ་ཞིག་མ་རེད་དམ། མི་དེ་ཚོ་ནི་མི་རིགས་གང་གི་ཡིན་པ་དང་ཤ་ཁྲག་རུས་གསུམ་གང་ནས་ཆད་པ་ཤེས་དཀའ་ལ། ལོ་རྒྱུས་མཁན་ཞིག་དང་ཡང་ན་མི་རིགས་ཀྱི་འདུ་ཤེས་ཅན་ཞིག་གིས་བལྟས་ན་བསམ་ཤེས་ཅན་དུ་ལྟ་ཅི་ཐ་ན་མི་གྲལ་དུ་ཡང་ཚུད་དཀའ་ཚོད་འདུག
སྤྱི་ཡོངས་ནས་དེང་སང་ཀུ་ཤུ་ཁ་པར་གཙོར་བྱས་པའི་ཁ་པར་དག་ལ་བོད་ཡིག་བཀོལ་སྤྱོད་བྱེད་ཆོག་ཆོག་འདུག་མོད། འོན་ཀྱང་། ཁོ་ཚོས་བཀོལ་སྤྱོད་དང་དོ་སྣང་ཙམ་ཡང་བྱེད་ཀྱི་མི་འདུག དངོས་གནས་ཡིད་སེམས་ཕམ་པ་ཞིག་རེད། རང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་མི་བྱེད་པ་དང་རང་མི་རིགས་ཀྱི་སྐད་ཡིག་མི་ཤེས་པ་དག་ནི་མི་རིགས་གང་དུ་མི་གཏོགས་པའི་ཕུང་གསུམ་པའམ་དུད་འགྲོ་དང་འདྲ་བ་སྨོས་མི་དགོས་སོ།།
ཨོ་་་་་་དེ་ཚོ་རྩེད་མོ་ཡིན། ཁྱེད་ཅག་ནི་ཤེས་རབ་ཀྱི་རྟ་ཕོ་འོག་ཏུ་ཞོན་ཞིང་བརྩོན་འགྲུས་ཀྱི་སྲབ་མདའ་ལག་ཏུ་འཛིན་མཁན་ཡིན་ལ། ཚེ་སྲོག་འཆད་ལ་ཉེ་བའི་མི་རིགས་ནད་པ་འདིའི་རེ་བ་དང་ཕུགས་འདུན་ཡོད་ཚད་ཁྱེད་ཅག་ལ་བཅོལ་ཡོད་ལ། འབྱུང་འགྱུར་མི་རིགས་ཀྱི་བདག་པོ་ཡང་ཁྱོད་ཚོ་ཡིན་པས་ཁྱོད་ཚོའི་རིན་ཐང་སུས་འཇལ་ཐུབ། དགོངས་དག་ཞུ།
གཞན་ཡང་བཤད་དགོས་པ་ཞིག་ལ། མདོ་དབུས་ཁམས་གསུམ་ན་མཚན་སྙན་འབྲུག་ལྟར་གྲགས་ཤིང་། སྲིད་གསུམ་གྱི་འཇིག་རྟེན་སྒུལ་མཁན་མཁན་ཚུལ་ཁྲིམས་བློ་གྲོས་མཆོག་དང་། བསོད་དར་རྒྱས། དེང་སང་གློག་བརྙན་འཁྲབ་ཁྲིད་པའི་གོ་ས་ཐོབ་པའི་རྫོང་སར་མཁྱེན་བརྩེ་སོགས་ནི་སྤྱིར་བཏང་ཤེས་ཡོན་གྱི་ཉི་འོད་ཐུགས་ལ་འཁྲུངས་ཤིང་ལྷག་བསམ་གྱི་རང་མདངས་གསལ་བའི་མཁས་པ་ཤ་སྟག་རེད་ལ། ལྷག་པར་མཁན་ཚུལ་ཁྲིམས་བློ་གྲོས་ནི་མི་རིགས་འདི་ལ་སྐད་དང་ཡི་གེ་ཆོས་ཕྱོགས་གང་ས་སྤྱི་ཐད་ནས་བཀའ་དྲིན་གཞལ་དཀའ་ཞིང་ལོ་རྒྱུས་དེབ་ཐེར་དུ་འགོད་ཆོག་པའི་མི་སྣ་ཞིག་རེད།
འོན་ཀྱང་ཁོང་རྣམ་པ་ལ་ནོར་བ་ཆེན་པོ་ཞིག་མེད་པ་ག་ལ་ཡིན་ཏེ། བོད་ལ་རིན་ཐང་ཅན་དང་གཞན་ལ་ངོམ་ཆོག་པའི་བླ་མེད་ཀྱི་ནོར་བུ་ལོ་ཙཱ་བ་ཚོས་རི་ཆུའི་སྟོང་ཕྲག་གི་འགག་འཕྲང་བརྒྱུད་དེ་འཕཊ་ཡུལ་ནས་སྤྱན་དྲངས་པའི་གསེར་ནག་ཁྲི་སྟོང་གིས་མི་ཁུག་པའི་བཀའ་འགྱུར་དང་བསྟན་འགྱུར། དེ་བཞིན་བོད་ཀྱི་མཁས་དབང་དག་གིས་བརྩམས་གནང་བའི་བསྟན་བཅོས་འདི་ཚོ་ཁོ་ན་ཡིན་པ་མི་མཁྱེན་པ་མིན་མོད། འོན་ཀྱང་ཁོང་རྣམ་པས་གཞན་གྱི་སྐད་ཡིག་ཏུ་བསྒྱུར་ཅི་ཐུབ་བྱེད་འདུག་པ་མ་གཏོགས། གཞན་སྐད་དུ་ཡོད་པའི་ཚན་རིག་དང་ཆབ་སྲིད་དཔལ་འབྱོར་དམངས་དོན་འགྲོ་ལུགས་སོགས་ཀྱི་སྐོར་གྱི་དེབ་མང་པོ་ཡོད་པ་དེ་ཚོ་རང་སྐད་དུ་བསྒྱུར་བཏང་ན་ཉི་མས་སྐམས་ཤིང་ཚ་བས་བཞུ་ལ་ཉེ་བའི་མི་རིགས་འདི་ལ་དུས་ཐོག་གི་ཆར་པ་ཡོད་སོང་བ་མ་རེད་དམ། མལ་ས་ལས་ཡར་སློང་མེད་པའི་མི་རིགས་ནད་པ་འདི་ལ་གསོ་སྨན་ཞིག་ཡོད་སོང་མ་རེད་དམ། ཡིན་ཡང་ཁོ་ཚོས་གཅིག་ཀྱང་བསྒྱུར་མི་འདུག
དོན་ངོ་མར་བསམ་ཤེས་ཅན་ཚོས་བལྟས་ན་བོད་ཀྱི་སྐད་ཡིག་གཉིས་པོ་འཆི་ལམ་དུ་འཁྲིད་མཁན་དང་མུན་ནག་གི་བཙོན་དོང་དུ་བཅུག་མཁན་ཁོ་ཚོ་རེད་མི་འདུག་གམ། ང་ཚོའི་སྐད་ཡིག་ཐོག་ཏུ་རིན་ཐང་ཅན་གང་ཡོད་ཐམས་ཅད་གཞན་སྐད་ཐོག་ཏུ་ཡོད་སོང་ན། ད་ང་ཚོའི་སྐད་ཡིག་ལ་སུ་ཞིག་གིས་དོ་སྣང་དང་ཆེ་མཐོང་སྦྱིན། སུ་ཞིག་གིས་སློབ་སྦྱོང་བྱེད་དེ་དཀའ་ལས་མ་གཏོགས་དགོས་པ་གང་ཡང་མེད་ལ། མ་ཚད་མི་རབས་ཕྱི་མར་བོད་སྐད་ཡིག་སྦྱོང་མཁན་དང་ཤེས་མཁན་ཇེ་ཉུང་དུ་འགྲོ་ངེས་རེད། སྐད་ཡིག་གང་ཞིག་སྦྱོང་མཁན་ཡིན་ནའང་སྐད་ཡིག་དེའི་ཐོག་ཏུ་ཡོད་པའི་རིག་གཞུང་གི་རིན་ཐང་ཤེས་ཆེད་དང་། མི་དང་མིའི་བར་འབྲེལ་བ་བྱེད་ཆེད་ཙམ་ལས་གཞན་གང་ཡང་མ་རེད། སྐད་ཡིག་གང་ཡིན་ཡང་བཀོལ་སྤྱོད་བྱེད་མི་ཇི་ཙམ་གྱིས་ཉུང་ན་སྐད་ཡིག་དེའི་རིན་ཐང་དེ་ཙམ་གྱིས་ཉམས་རྒུད་དུ་ཕྱིན་ཡོད་ལ། སློབ་སྦྱོང་བྱེད་མི་ཡང་དེ་ཙམ་གྱིས་ཉུང་དུ་འགྲོ་གི་ཡོད།
ནམ་ཞིག་སྐད་ཡིག་གང་ཞིག་བཀོལ་སྤྱོད་བྱེད་མི་མེད་ན་སྐད་ཡིག་དེ་ཤི་ཚར་བ་ཡིན། མི་རིགས་དང་རྒྱལ་ཁབ་གང་ལ་སྐད་ཡིག་མེད་སོང་ན་མི་རིགས་དེ་དང་རྒྱལ་ཁབ་དེ་མེད་འགྲོ། ཚན་རིག་པ་སི་ཏ་ལེན་གྱིས། མི་རིགས་ཤིག་ལོ་རྒྱུས་ཐོག་ཡུན་རིང་གནས་དགོས་ན། དེའི་སྐད་ཡིག་བཀོལ་སྤྱོད་དང་འཕེལ་རྒྱས་སུ་གཏོང་དགོས། གལ་ཏེ་དེ་ལས་ལྡོག་སྟེ་མི་རིགས་ཤིག་རྩ་མེད་དུ་གཏོང་དགོས་ན། སྔོན་ལ་མི་རིགས་དེའི་སྐད་ཡིག་མེད་པར་བཟོས་ན་མི་རིཊ་དེ་རང་བཞིན་དུ་མེད་པར་འགྲོ་སྲིད། ཅེས་གསུང་པ་བཞིན་ཡིན། གལ་སྲིད་ནང་པའི་རིག་གཞུང་མཐའ་དག་གཞན་སྐད་དུ་བསྒྱུར་ཐུབ་སོང་ན་ནང་ཆོས་དེ་ཡུན་དུ་གནས་པའི་དགོས་པ་ཞིག་ཡོད་ན་ཐང་ཡང་། དེ་ནི་ཆོས་གཅིག་པོའི་དོན་དག་ཅིག་མ་གཏོགས་གང་ཡང་མ་རེད།
ང་ཚོའི་མི་རིགས་འདིའི་གནས་བབ་དང་སྐད་ཡིག་འདིའི་ཁ་ངོ་གང་ལ་བལྟས་ན་མི་རིགས་ཀྱི་འདུ་ཤེས་ཅན་དང་ཤེས་ཡོན་ཅན་དག་གིས་ཆོས་ཕྱོགས་མ་གཏོགས་བསམ་བློ་མ་འཁོར་ན་ད་ང་ཚོའི་མི་རིགས་འདི་འཆི་ལམ་དུ་ཐོན་ཚར་སོང་མ་རེད་དམ། འོ་རེད། གྲོགས་པོ་ཚོ་འདི་ངས་གོ་ཐོས་ལྟར་བྲིས་པ་ཡིན་པས་བརྗོད་བྱའི་ཆ་ནས་སྐྱོན་མི་ཉུང་པ་ཐོན་ཡོད་ཚོད་རེད་ལ། རྩོམ་ལ་ཡང་བྱང་ཆ་དེ་འདྲ་མེད་པས་ཚིག་སྐྱོན་ཡང་མི་ཉུང་པ་ཡོད་ངེས་པས་དགོངས་དག་ཞུ།
སྤྱིར་མཁས་པ་ནམ་མཁའི་ཉི་ཟླ་ལྟ་བུ་ཚོ་ལ། ཆོས་འཇིག་རྟེན་གང་ལའང་མཐོང་རྒྱ་དང་ཐོས་རྒྱ་མེད་པའི་མི་ཆུང་ཆུང་ང་འདྲ་ཞིག་གིས་ལྟ་མི་བཟོད་ལ། བལྟས་ཀྱང་རང་གི་མིག་ཚ་བྱེད་ལས་རིན་ཐང་ཅི་ཞིག་ཡོད། ཡིན་ཡང་ལྷག་བསམ་ཟོལ་མེད་ཅིག་དང་། སེམས་ཀྱི་ན་ཟུག་མ་བཟོད་ནས་དེ་ལྟར་ཤོར་སོང་།
སྡང་དགྲ་བོའི་མཐོང་ན་མིག་ཆུ་འཆོར་བ་ཞིག་བ་གང་ཤེས། འོན་ཀྱང་དགའ་ངུ་ཤོར་ངེས་བརྟན་རེད་འདུག
་་་་་་་་་ ལྷག་ཏུ་དཀར་མཛེས་ཁུལ་དང་ཡུལ་ཤུལ་ཁུལ་འོག་གི་སློབ་བུ་དག་དང་ལས་བྱེད་པ་ཚོས་བོད་སྐད་ཡིག་ལ་དམའ་འབེབ་དང་རྩ་མེད་དུ་གཏོང་ཅི་ཐུབ་བྱེད་ཀྱི་འདུག་ལ། བཀོལ་སྤྱོད་བྱེད་མཁན་ཚོ་ལ་མཐོང་ཆུང་གི་རྣམ་འགྱུར་དང་ཁོང་ཁྲོའི་སྡང་མིག་བགྲད་པ་མ་གཏོགས་མཐོང་ཆེན་དང་སློབ་སྦྱོང་བྱེད་པའི་བསམ་པ་ཁྱོན་ནས་མེད་འདུག སོམས་དང་སྡང་དགྲ་བོའི་མཐོང་ན་མིག་ཆུ་འཆོར་བ་ཞིག་མ་རེད་དམ། མི་དེ་ཚོ་ནི་མི་རིགས་གང་གི་ཡིན་པ་དང་ཤ་ཁྲག་རུས་གསུམ་གང་ནས་ཆད་པ་ཤེས་དཀའ་ལ། ལོ་རྒྱུས་མཁན་ཞིག་དང་ཡང་ན་མི་རིགས་ཀྱི་འདུ་ཤེས་ཅན་ཞིག་གིས་བལྟས་ན་བསམ་ཤེས་ཅན་དུ་ལྟ་ཅི་ཐ་ན་མི་གྲལ་དུ་ཡང་ཚུད་དཀའ་ཚོད་འདུག ་་་་་་་་་
་་་་་་་་་ དེ་བཞིན་བོད་ཀྱི་མཁས་དབང་དག་གིས་བརྩམས་གནང་བའི་བསྟན་བཅོས་འདི་ཚོ་ཁོ་ན་ཡིན་པ་མི་མཁྱེན་པ་མིན་མོད། འོན་ཀྱང་ཁོང་རྣམ་པས་གཞན་གྱི་སྐད་ཡིག་ཏུ་བསྒྱུར་ཅི་ཐུབ་བྱེད་འདུག་པ་མ་གཏོགས། གཞན་སྐད་དུ་ཡོད་པའི་ཚན་རིག་དང་ཆབ་སྲིད་དཔལ་འབྱོར་དམངས་དོན་འགྲོ་ལུགས་སོགས་ཀྱི་སྐོར་གྱི་དེབ་མང་པོ་ཡོད་པ་དེ་ཚོ་རང་སྐད་དུ་བསྒྱུར་བཏང་ན་ཉི་མས་སྐམས་ཤིང་ཚ་བས་བཞུ་ལ་ཉེ་བའི་མི་རིགས་འདི་ལ་དུས་ཐོག་གི་ཆར་པ་ཡོད་སོང་བ་མ་རེད་དམ། ་་་་་་་་་་་
་་་་་་་་ ང་ཚོའི་མི་རིགས་འདིའི་གནས་བབ་དང་སྐད་ཡིག་འདིའི་ཁ་ངོ་གང་ལ་བལྟས་ན་མི་རིགས་ཀྱི་འདུ་ཤེས་ཅན་དང་ཤེས་ཡོན་ཅན་དག་གིས་ཆོས་ཕྱོགས་མ་གཏོགས་བསམ་བློ་མ་འཁོར་ན་ད་ང་ཚོའི་མི་རིགས་འདི་འཆི་ལམ་དུ་ཐོན་ཚར་སོང་མ་རེད་དམ། ་་་་་་་་་