དགེ་བའི་བཤེས་གཉེན་དམ་པ་དགེ་བཤེས་བློ་བཟང་རྒྱ་མཚོ་ལ་ཕུལ།
སྐར་ཆེན། ནོར་ལྦེ།
སྔོན་བསགས་ལས་ཀྱི་དགེ་བའི་མཐུས།།
ལྷོ་ཕྱོགས་རྒྱ་མཚོར་ཉེ་བའི་གནས།།
བྷེལ་ཀོབ་བོད་ཁྱིམ་འབོད་པ་རུ།།
དགེ་བའི་བཤེས་གཉེན་མཚན་འཛིན་པ།།
གུས་བས་ཁྱེད་ཀྱི་ཞབས་ལ་གཏུགས།།
འོན་ཀྱང་ལོ་ཟླ་འདས་པའི་ངོར།།
ཁྱེད་ཀྱི་གསུང་གི་བདུད་རྩི་དག།
གུས་བའི་སེམས་ཀྱི་བུམ་པར་འཁྱིལ།།
ཤེས་བྱའི་གནད་ཀྱི་སྒོ་མོ་ཕྱེས།།
དེ་ཕྱིར་གུས་བ་ཁྱེད་ལ་དུངས།།
ཁྱེད་ཀྱི་ལྷག་བསམ་རི་བོ་ཆེ།།
མཁྱེན་དང་དཔྱོད་པ་བླ་མེད་པ།།
ཁྱེད་ཀྱི་རྣམ་དཔྱོད་རྩལ་པོ་ཆེ།།
བླང་དང་དོར་བྱར་གནད་འཛིན་པ།།
གུས་བ་ཁྱེད་ལ་བཀུར་བསྟི་ཟབ།།
ད་ནི་གུས་བ་འགྲོ་ལ་ཉེ།།
གུས་བའི་མདུན་ལམ་ནུབ་ལ་བསྲིངས།།
འོན་ཀྱང་གུས་སེམས་ཁྱེད་ལ་ཐོགས།།
ཕན་ཚུན་ཕྱི་ཐག་ཟབ་པའི་ཕྱིར།།
འཕྲིན་ཐུང་འདི་ཙམ་ཁྱེད་ལ་ཕུལ།།
རབ་བཏགས་དང་ཟོལ་བསྟོད་མེ་ལོང་མའི་རྒྱན་དེ་ཚོས་གཡོགས་པ་མིན་ན་ཁྱེད་ཀྱི་དགེ་བའི་བཤེས་གཉེན་དེ་ཧ་ཅང་བཟང་པོ་ཞིག་ཡིན་ངེས་པས་སྐྱབས་སུ་མཆིའོ། །