ཐོར་རྒོད་པ་སྤྱན་ཆབ།
( སྤུན་ཆུང་དཔལ་འབྱོར་རབ་བརྟན་མི་ཡུལ་དང་གྱེས་རྗེས།)
སྐྱེ་བ་ལན་གཅིག་རེད འཆི་བའང་ཐེངས་ཤིག་རེད
མི་དང་ཁོར་ཡུག་གི་འགྲོ་ལུགས་དེ་རྫོགས་རྗེས ད་གཟོད
འདི་དང་ཕྱི་མ་རེད སེམས་དང་བསམ་པ་རེད ཁྱོད་དང་ང་རེད
ཡིན་ན་ཡང་རང་ཉིད་ཀྱིས་ཁ་བསྒྱུར་བྱེད་མི་སྤོབས་པའི་སེམས་དཀར་པོ་འདི
ཡིན་ན་ཡང་རང་ཉིད་ཀྱི་བརྗེད་པར་བྱེད་མི་སྤོབས་པའི་ཁྱོད་ཀྱི་སེམས་དཀར་པོ་དེ
ངས་རང་ཉིད་ཀྱི་མུན་པ་ཡོད་ཚད་ལ་ཤུགས་ཀྱིས་རྒོལ
ཁྱོད་ཀྱིས་རང་ཉིད་ཀྱི་འབྲས་བུ་ཐམས་ཅད་ལ་དགའ་མོས་སྒོམས
ད་གཟོད་མི་ཚེ་འདི་འདི་ལྟར་མཇུགས་རྫོགས་པ་དང་འདྲ་ལ
ད་གཟོད་མི་ཚེ་འདི་འདི་ལྟར་མགོ་བརྩམ་པ་དང་ཡང་ཀུན་ནས་མཚུངས
མི་ཚོགས་ལྷན་འཛོམས་ཀྱི་དབུས་ན
རང་ཉིད་ཁེར་རྐྱང་གི་ངང་ནས
ཡོད་ཚད་བསམ་གཞིག་ལ་ཁེན་པའི་ཁྱོད་དང་ང་ཡི་ལས་དབང
དོ་ནུབ་ཀྱི་ལྷ་ཟླ་ལྟར་མུན་པས་ཡོངས་སུ་བསྒྲིབས་ནའང
ངས་ད་དུང་སེམས་ཐག་གཞན་ཞིག་ཁྱོན་ནས་ཆོད་ཀྱིན་མི་འདུག
ཁྱོད་རང་མི་ཡུལ་དང་ཁ་གྱེས་པའི་སེམས་ཐག་དེ་ཁྱོན་ནས་ཆོད་ཀྱིན་མི་འདུག
ངའི་སྤུན་ཆུང་ལགས
ཡིན་ན་ཡང་དེང་སང་ང་མིའི་ཡུལ་ན་ཡོད
ཡིན་ན་ཡང་དེང་སང་ང་ལ་རང་དབང་མེད
ཡོད་ཚད་མགོ་ཁྲིད་ཀྱིས་མངག་བཀོད་ལས་འདའ་མི་ཆོག་པའི་བཅའ་ཁྲིམས་དེ་ཡིན
ཐམས་ཆད་ཁོར་ཡུག་གི་བཀའ་ཁྲོལ་ལས་བརྒལ་མི་ཆོག་པའི་བཀག་རྒྱ་དེ་ཡིན
དེའི་སྟབས་ཀྱིས་ངས་ཁྱེད་རང་མི་ཡུལ་ནས་སྐྱེལ་མ་བྱེད་མ་ཐུབ་ལ
དེའི་རྐྱེན་ཀྱིས་ངས་ཁྱོད་ཀྱི་ཆང་ཕོར་དེ་ཞབས་བཏེགས་རྒྱག་ཐུབ་མེད
ངའི་སྙིང་ཉེ་བའི སེམས་ཀྱི་སྤུན་ཆུང་ལགས
ཁྱོད་ཀྱིས་ང་ལ་ཅིས་ཀྱང་གུ་ཡངས་གཏོང་རོགས
ཁྱོད་ཀྱིས་ང་ལ་ཅིས་ཀྱང་བསམ་གཞིག་བྱེད་རོགས
ངའི་སྙིང་ཉེ་བའི སེམས་ཀྱི་སྤུན་ཆུང་ལགས
ཁ་བྱང་། པར། ནང་དོན། ཚམ་མ་ནང་འཁྲུག་ནང་འགལ་རེད་འདུག ཚོར་བ་ཆེན་པོ་ཞིག་ཡིན་ཚོད་འདུག
ཐུགས་རྗེ་ཆེ། སེམས་ནང་ལ་ཟུག་འགྲོ་བ་ཞིག་བྲིས་འདུག ཉིད་ཀྱི་སྤུན་མཆེད་ཀྱི་ཆེད་དུ་མ་ཎི་ཚར་འགའ་འདོན་གྱི་ཡིན། གདུང་སེམས་མཉམ་སྐྱེད་ཡོད།
ཞིབ་ཏུ་བཀླགས་ཟིན་པ་ཡིན།
རྒན་ཀླུ་སྨྱོན་དང་གཅན་བཟོད་རྒྱམ་གཉིས་གྱིས་གཟིགས་པར་ཐུགས་རྗེ་ཆེ་ཞུ་བ་དང་་རྒྱ་གར་རྨ་བྱ་ཡང་ཕེབས་པར་དམིགས་བསལ་དགའ་བསུ་ཡོད་ལགས།
ཡག་པོ་བྲིས་འདུག་སྤྱན་ཆབ་ལགས།
ཡ་ཡ་དྲ་གྲོགས་རྨིག་སྒྲ་ཕེབས་པར་དགའ་ཡོད་ལགས།