ཆང་སྐྱེས།
བུ་མོ་ཕ་ཁྱིམ་བདག་མོ་ལ
རྒྱུ་སྐར་དབུས་ཀྱི་རི་བོང་འཛིན་པ་དང་།།
བརྒྱ་བྱིན་དྲུང་གི་ལྷ་མོ་ཚོགས་རྣམས་ཀྱི།།
མཛེས་སྡུག་མ་ལུས་གཅིག་ཏུ་སྤུངས་ན་ཡང་།།
བུ་མོ་ཕ་ཁྱིམ་བདག་མོའི་འཇོ་སྒེག་གི།
ཆ་ཤས་ཙམ་ཡང་འགྲན་པར་མ་ནུས་སོ།།
པད་མའི་བཞིན་ལ་གཡོ་ལྡན་བུང་བའི་མིག།
མིག་གིས་ལྟ་བའི་མི་ངོམས་བཞིན་བཟང་མ།།
སེང་ལྕམ་འབྲུག་མོའི་ལུས་ཀྱི་སྒེག་ཉམས་དང་།།
རྒྱ་ནག་སྲས་མོའི་གདོང་གི་འཛུམ་མདངས་སོགས།།
མ་ལུས་ཁྱོད་ལ་སྨིན་པའི་སྣང་བརྙན་ཞིག།
ཁ་ཡག་ཚིག་གི་ངོ་དགའ་མ་ཡིན་ཞིང་།།
སྙང་མོ་ངག་གི་བསྟོད་གླུ་དེ་བས་མིན།།
ཁྱེད་ཀྱི་དམར་ལ་ཚ་བའི་མཆུ་སྒྲོས་དང་།།
མིག་ཟུང་འཛུམ་གྱིས་ཕྱུག་པའི་ཟུར་མིག་གིས།།
ཁོ་བོའི་གངས་དཀར་སེམས་ཀྱི་ལྷིང་འཇགས་དཀྲོགས།།
ལྷ་ཡི་སྲས་མོ་ཡིད་འཕྲོག་ལྷ་མོ་ཞེས།།
ནོར་བཟང་རྒྱལ་བོས་དཀའ་བ་ཡང་ཡང་སྤྱད།།
འདི་འདྲའི་སྙིང་སྟོབས་བདག་ལ་མེད་ན་ཡང་།།
དྭངས་གཙང་ཡིད་ཀྱི་བརྩེ་བ་གཙང་མ་འདི།།
ཁོ་བོས་ནམ་ཡང་ཁྱེད་ལ་གཏད་ནས་ཡོད།།
རཱ་མ་ཎ་ཡང་སི་ཏཱའི་ལང་ཚོ་ལ།།
རབ་ཏུ་ཆགས་ཏེ་རྒྱལ་སྲིད་རིང་དུ་དོར།།
དེ་བཞིན་བདག་ཀྱང་ཁྱེད་ཀྱི་མཛེས་སྡུག་ལ།།
རང་སེམས་དབང་མེད་ཤོར་བའི་ངང་ཚུལ་འདི།།
ཕོ་གསར་མང་བོས་མཐོང་ན་ཁྲོས་པའི་གཞི།།
འཕྱོངས་རྒྱས་གཞུང་གི་ཟླ་བ་སྒྲོལ་མ་ཞེས།།
རིག་འཛིན་ཚངས་དབྱངས་རྒྱ་མཚོས་སྙན་ངག་བྲིས།།
སྙན་མོ་ཚིག་གིས་དབུལ་བའི་ཁོ་བོས་ཀྱང་།།
ཁྱེད་ལ་འོས་ཤིང་འཚམས་པའི་ཚིག་བཅད་ཅིག།
ཟུར་གསུམ་སྙིང་ནས་བཙགས་ཏེ་ཆེད་དུ་བསྒྲིགས།།