བསེ་རུ། (ཨོ་གླིང་།)
༧ གོང་ས་མཆོག་ལ་དད་དམ་གཡོ་མེད་ཀྱི་སྤྱི་སྒེར་ཚང་མས་༧གོང་ས་མཆོག་ལ་གསར་འགྱུར་བརྒྱུད་ལམ་ཁག་ཅིག་ནས་བརྟག་དཔྱད་ཞིབ་འཇུག་གང་ཡང་མེད་པར་ཧོལ་རྒྱུགས་དང་། ཡང་ན་རང་གི་གྲགས་པ་རྒྱས་ཐབས་སོགས་དགོས་དམིགས་གང་ལ་དམིགས་མིན་ཆ་མཆིས་ཀྱང་ཁོང་གི་ཐབས་མཁས་ཐུགས་རྗེའི་མཛད་པར་ཉེས་མེད་ཉེས་འདོགས་བྱས་པར་དག་སེལ་ཆེད་འཛམ་གླིང་ས་ཕྱོགས་གང་སར་ལས་འགུལ་སྤེལ་བཞིན་པ་དང་། དྲ་ཐོག་ནས་ངོ་དེབ་དང་བརྙན་ཕབ་སོགས་མིག་གིས་ལྟ་ས་དང་རྣ་བས་ཉན་ས་ཡོད་ཚད་ལ་རང་ནུས་ཅི་ཡོད་ཀྱིས་ལས་འགུལ་འདི་ལྟ་བུ་སྤེལ་བ་ནི་རང་གཞན་ཚང་མས་མཐོང་བ་དང་པོ་ཡིན་ངེས།
ལས་འགུལ་འདིའི་ཆ་ཤས་ལེན་མཁན་ཡོད་དོ་ཅོག་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ལས་མ་འདས། འོན་ཀྱང་། ལས་འགུལ་འདི་སྤེལ་སྐབས་ཚིག་གི་སྤྱོད་སྟངས་དང་སྐད་ཆ་ཤོད་སྟངས་སོགས་ཐབས་མཁས་པོ་མ་བྱས་ན་མི་སྒེར་དང་སྒེར་བར་དང་། ཚོགས་པ་དང་ཚོགས་པའི་བར། རྒྱལ་ཁབ་དང་མི་རིགས་བར། བོད་དང་འབྲེལ་ཆགས་སྤྱི་སྒེར་མང་པོ་ཞིག་ལ་ལྡོག་ཕྱོགས་ནས་ཕོག་ཐུག་ཡོང་ཉེན་འདུག་པས་དེ་དོན་ཡིད་འཇགས་དགོས་རྒྱུ་གལ་ཆེར་མཐོང་། གཞན་གྱིས་ཚིག་ངན་བེད་སྤྱོད་གཏོང་གི་འདུག་ཟེར་གྱིན་རང་གིས་ཚིག་ངན་བེད་སྤྱོད་བཏང་ནས་ཕ་རོལ་པོར་བསྡིགས་ན། དེ་ནི་རང་མགོ་རྡོ་རྡུང་ཡིན་པས་ངེས་པར་དུ་གཟབ་དགོས་པར་མཐོང་།
ད་ལྟ་ནི་སྤྱི་སྒེར་ཚང་མས་ངག་ནས་འདོན་རྒྱུ་དང་ལག་པས་འབྲི་རྒྱུ་ཡོད་ཚད་༧གོང་མཆོག་གི་ཆེད་དུ་ཡིན་སྟབས། ༧གོང་ས་མཆོག་གི་བཀའ་གསུང་ཅི་སྒྲུབ་དང་གང་གི་བཀའ་ལས་མ་འགལ་བ་གནང་དགོས་ངེས་ལ་བརྟེན། ཁོང་ཁྲོ་དང་ཚོར་བ་དྲག་པོའི་གཞན་དབང་དུ་མ་བཏང་བར་རང་སྲུང་གོ་ཆ་ལེགས་ཤོས་དང་། གཞན་རྒོལ་ཐབས་མཆོག་ནི་ཚིག་འཇམ་པོས་གཞན་མཚང་འབིགས་ཞིང་། དོན་བདེན་པས་གཞན་ངོ་མནོངས་པར་བྱ་རྒྱུ་དེ་ཡིན་པས་རང་གཞན་ཚང་མས་གལ་ཆེ་དོན་ཆེར་དགོངས་ནས་མ་འོངས་པར་དཀའ་ངལ་གསར་པ་གཞན་དང་གཞན་མ་འཕྲད་པར་འབད་གལ་ཆེ་བར་མཐོང་ངོ་།།
ཨོ་གླིང་སིཌ་ནི་ནས་ཕྲན་བསེ་རུ།