རྨ་དུང་ཟླ
གཅིག
དུས་ཚོད་འདི་ལྟར་འདས་སོང་། ཕལ་ཆེར་ད་ལྟ་སྟོན་མགོ་ཞིག་ལ་ཐོན་ཡོད་ཚོད་འདུག ས་མཐའི་སྟོན་དུས་ཀྱི་ཁྱད་ཆོས་མི་ཤེས་ནའང་། རང་ཉིད་ལ་དེ་ལྟ་བུའི་ཚོར་སྣང་ཞིག་འདུག མ་གཞི་ད་ལྟ་ཕ་ཡུལ་གྱི་ནམ་ཟླ་ཅི་འདྲ་ཡིན་སྲིད། དྲང་པོར་བཤད་ན་ང་ལ་དེ་བཤད་ཐུབ་པའི་བག་ཆགས་ཀྱི་དྲན་སྣང་ཙམ་ཡང་མི་འདུག ཕ་ཡུལ་དང་བྲལ་ནས་ལོ་ངོ་བཅུ་ཕྲག་བརྒལ་བ་ཞིག་འདས་ཟིན་པས་ག་ལ་མིན།
གཉིས།
སེམས་ངོས་ནས་ཕ་ཡུལ་གཅེས་ཤིང་དྲན་གདུང་འདི་ཕ་མར་འཁོར་ནས་ཡུན་རིང་འགོར་སོང་། གོམ་ཁ་ད་དུང་ཕ་ཡུལ་དང་ཧ་ཅང་ཐག་རིང་ས་ཞིག་ན་ལུས་འདུག དེ་བས་ངས་རྒྱུན་དུ་རང་ཉིད་ལ་སེམས་གསོ་རེ་མི་གཏོང་ཀ་མེད་རེད། “འཛམ་གླིང་འདི་སྒོར་སྒོར་རེད། རྨི་ལམ་འདི་མངོན་འགྱུར་ཐུབ་ངེས།” ཚིག་དང་དོན་ལ་དངོས་གནས་ནུས་སྟོབས་ཧ་ཅང་ཆེ།
གསུམ།
ཨ་མ། ད་ལྟ་ཧ་ཅང་འཕྱི་དྲགས་མེད་ན་སྔ་མི་འདུག དེ་བས་ངས་ཉིན་རེ་བཞིན་གོམ་པ་རེ་ཕ་ཡུལ་གྱི་ཕྱོགས་སུ་སྤོ་བཞིན་ཡོད། རི་བོའི་དབུ་ཞྭ་ལྟ་བུའི་སྤྲིན་པ་ལེབ་མོ་དེ་ངའི་འགྲོ་རོགས་ཡིན་ལ་འདུག་གྲོགས་ཀྱང་ཡིན། སྨྲ་བ་མེད་ནའང་སེམས་ཀྱི་ཚོར་བ་དག་རྗེན་ཆར་དུ་མཚོན་པར་བྱེད། སྤྲིན་པ་མཁའ་དབྱིངས་ནས་རྒྱུ། གྲིབ་མ་བདག་གི་ལུས་སྟེང་ན་ཡོད།
བཞི།
ཨ་ཅེ་དང་སྲིང་ཆུང་ཚོ། ཁྱེད་ཚོ་ལག་ཆགས་ཏེ་རང་ཉིད་ཀྱི་འཚོ་ཐབས་རང་ཉིད་ཀྱིས་འཚོལ་གྱིན་ཡོད་ཚོད་འདུག ས་མཐའ་ནས་ལག་པ་ཞིག་བརྐྱངས་ཏེ་ཁྱོད་ཚོའི་ངོ་གདོང་ལ་བྱམས་བརྩེ་ཡིས་བྱིལ་བྱིལ་རེ་བྱེད་ན་འདོད་མོད། སེམས་ཀྱི་ཕོ་ཉ་ཁོ་ན་ད་ལྟ་ཁྱོད་ཚོ་དང་ལྷན་དུ་ཡོད་ངེས་རེད། སེམས་པ་སྔར་མེད་ཀྱི་དགའ་སྤྲོ་ཞིག་གིས་གཏུམས་འདུག ཁྱེད་ཚོ་ངོ་མ་ངར་བ་རེད།
ལྔ་།
སང་ཉིན་ཡང་སློབ་གྲྭར་འགྲོ་དགོས། འདི་ནི་སློབ་ཕྲུག་ཅིག་གི་མི་ཚེ་རེད། དེ་ལྟར་བཤད་ཚེ་ཆུང་དུས་སློབ་ཆུང་འགྲིམས་སྐབས་ཀྱི་གནས་ཚུལ་དག་རབ་རིབ་ཙམ་དྲན་འོང་། མ་གཞི་ད་ལྟ་ཕ་ཡུལ་གྱི་ཁོར་ཡུག་ཡེ་ནས་འགྱུར་འདུག་ཟེར། གལ་ཏེ་ང་ཕ་ཡུལ་དུ་ཐོན་ཚེ་སྔར་གྱི་རྐང་ལམ་དང་གཞུང་ལམ་དག་རྙེད་སྲིད་དམ། ད་ནི་རང་གི་ཁྱིམ་ཡང་རྙེད་ཁག་ཙམ་ཡིན་ངེས། སྔ་མོ་མིག་བཙུམ་ནས་སོང་ནའང་རང་ཁྱིམ་ལ་ནམ་ཡང་འགྱུར་བ་མེད་པར་ཀྲོང་ངེར་གནས་ཡོད།
དྲུག
ཕ་ཡུལ་དུ་ཕྱིར་ལོག་ཡོང་ན་ངེས་པར་དུ་རིག་པ་སླབས་པའི་དན་རྟགས་ཤིག་དགོས་ཟེར་ངེས། ང་ལ་ངོ་མ་ཅིའང་མེད། ང་ལ་ཡོད་པ་ནི་ཕ་ཡུལ་དང་ནང་མི་དྲན་པའི་གདུང་བ་བྲང་གཞུང་གང་ཡིན། ངས་དེ་ཁུར་ཏེ་ཕ་ཡུལ་གྱི་རྩྭ་ཐང་ཡངས་པོ་ནས་ཡོངས་སུ་གཏོར་ན་འདོད། མེ་ཏོག ཁ་བ། ནོར་ལུག སྦྲ་གུར། ངས་འཚོལ་འདོད་པའང་དེ་དག་ཡིན།
༢༠།༠༣།༢༠༡༥།