ཆུ་སྐྱེས་སྒྲོལ་མ།
ལས་དགུའི་ཐག་པས་རྐང་ལག་བཅིངས་ལས་གྲོལ།།
གྲོལ་བའི་མཛུབ་མོ་སེམས་བརྙན་འབྲི་བར་བྲེལ།།
བྲེལ་འཚུབ་སོར་མོ་ཚོར་འདུའི་དོ་རར་མྱུལ།།
མྱུལ་བའི་བྲོ་གར་རི་མོ་འདི་ན་བཤམས།།
སེམས་སོང་སྙིང་གཏམ་གསོང་པོར་སྨྲ་བ་མཇལ།།
མཇལ་འཛོམས་ལས་སྨོན་བཟང་པོའི་དམ་ཚིག་མཐུན།།
མཐུན་སྒྲིལ་མཛའ་བརྩེ་ཆུ་མོའི་རྒྱུན་ལས་རིང་།།
རིང་འགྲོགས་སྙིང་སྡུག་སྐུ་ཚེ་བརྟན་ལ་སྨོན།།
མི་འགྱུར་དམ་བཅའ་རྡོ་བཀོས་རི་མོ་ལ།།
ལ་རྒྱའི་འཛུམ་གྱིས་རྒྱལ་ཁབ་ཤོར་བའི་སྡུག །
སྡུག་རུས་འབད་པས་ཕྱིར་ལེན་སྙིང་སྟོབས་མེ།།
མེ་བཞིན་འབར་བ་ཕམ་མེད་རྒྱལ་ཁའི་སྲོག །
ཆེན་པོའི་མིང་མེད་རྒྱལ་ཞེན་འདབ་གཤོག་རྒྱས།།
རྒྱས་པའི་ཤེས་ཡོན་སྦས་པའི་ཚུལ་གྱིས་མངོན།།
མངོན་གསལ་བདེན་པས་བོད་མིའི་དབུ་འཕང་བསྟོད།།
བསྟོད་ཚིག་མེ་ཏོག་གཞུང་སའི་ཚལ་ལ་བསྲིངས།།
བརྩེ་ཞེན་རི་མོ་སེམས་པའི་ངོས་ལ་བརྐོས།།
བརྐོས་བྲིས་མཛེས་སྡུག་ཁུར་གྱིས་སྒྱུ་ལུས་འཁྱོར།།
འཁྱོར་བའི་སྟངས་སྟབས་ངོམ་པའི་སྒེག་ཉམས་ངང་།།
ངང་རིང་མི་འགྱུར་དུང་བས་སེམས་ཁམས་སྲུང་།།
བཅོས་མིན་སྙིང་གཏམ་དཀར་པོས་མིག་མཐའ་བརླན།།
བརླན་གཤེར་ཟེགས་མའི་འོད་ལས་འཛུམ་པ་ཐོབ།།
ཐོབ་པའི་གསང་གཏམ་རིན་བྲལ་ནོར་གྱིས་མིན།།
མིན་མིན་མ་ཡིན་རྒྱལ་གཅེས་ལྷག་བསམ་དཀར།།
དཀར་གཙང་སེམས་པ་ཁ་བའི་ལྗོངས་ལ་ཕྱོགས།།
ཕྱོགས་རིས་བྲལ་བའི་ལྟ་བའི་རྨང་གཞི་ཟབ།།
ཟབ་མོའི་རྒྱལ་རབས་ཕྲེང་བས་མགྲིན་པ་བརྒྱན།།
རྒྱན་ཆ་འདི་ཀོ་གསེར་དངུལ་རྒྱན་ལས་མཛེས།།
དུས་ཀུན་གངས་ཅན་ལྗོངས་ཀྱི་བདེ་སྡུག་གླེང་།།
གླེང་མོལ་ཅི་མཆིས་རྒྱལ་ཞེན་མི་རིགས་དང་།།
དང་བའི་ཤ་ཚས་སེམས་རྩ་འདར་བར་བྱེད།།
བྱེད་པོ་འདི་འདྲས་ས་སྟེང་ཁེངས་པར་སྨོན།།
༢༠༡༣ཟླ་བཅུ་པའི་ཚེས་༢༧ ལ།
ཆུ་སྐྱེས་སྒྲོལ་མ་བོད་རྫིང་དཀྱིལ་ན་སྐྱེས།
གངས་ཅན་ཡོངས་ལ་སྙན་དངགས་དྲི་བཟང་འཕྲོས།
བོད་ཀྱི་སྙན་རྩོམ་རྒྱ་ཆེར་སྤྱོད་འདོད་ན།
ཆུ་སྐྱེས་སྒྲོལ་མའི་སྙན་རྩོམ་རྒྱཔ་པར་སྨོན།།
རྩོམ་འདི་རང་བྱུང་མ་རེད་སྒྲིག་བྱུང་རེད།
གོ་སྒྲིག་ནན་པོ་བྱས་བའི་དཀའ་སྒྲིག་རེད།
མཐུན་མོང་མིན་འདོད་ང་རྒྱལ་ངོམ་འདོད་རེད།
རེད་རེད་སྒྲིག་པའི་འབྲས་བུ་འདི་འདྲ་རེད། ཨ་ཙེ། སྙན་པ་ལ། ཧ་ཧ་ཧ།
ཆུ་སྐྱེས་སྒྲོལ་མའི་སྙན་རྩོམ་རྒྱས་པར་སྨོན།། ཅེས་ཞུས་དག་བྱས་སོ།
རྒན་གྱི་ཆོས་ཡིག་འདི་ཚོ་དགོད་སྤྲོ་བོ་ཞིག་མི་འདུག་གམ། (ཅེས་ཞུས་དག་བྱས་སོ།)
སྙན་པོ་བྱུང་། སྙན་པོ་བྱུང་། སྙན་ངག་མ་ཟེར་ན་འདི་འདྲ་རེད། བསམ་གླིང་ཚེ་ལྷའི་སྙན་ངག་ལ་ཡང་ཅིག་མཇལ་འདོད་འདུག
འདིར་ཕེབས་གྲོགས་དག་དགའ་བའི་ཡིད་ཀྱིས་བསུ།།
བསུ་བའི་སྙིང་གཏན་དམར་པོ་འདི་རུ་བྲིས།།
བྲིས་བྲིས་བཤད་ཚད་འཕྱ་བའི་ལས་མ་གནང་།།
རང་གཞན་ཚང་མར་ཕན་ལས་གནོད་དེ་མང་།།
ལྷད་མེད་བརྩེ་སེམས་རིན་ཆེན་ནོར་གྱིས་མིན།།
ལྷད་མེད་གྲོགས་འབྲེལ་གསེར་དངུལ་རྒྱན་གྱིས་མིན།།
ལྷད་མེད་དངོས་པོའི་གཤིས་ལུགས་རབ་དཀོན་པས།།
གཅེས་པའི་སྲོག་ལྟར་སྲུངས་ཤིག་རིག་གི་བུ།།
སྙན་མོ་ངག་གི་གླུ་ཡི་མཆོད་པ་འདི།། མདངས་གཙང་སེམས་པ་དཀར་བའི་ཆུ་སྐྱེས་དེས།། ཉེ་རིང་གང་སར་གནས་པའི་གྲོགས་ཚོགས་ལ།། ཕུལ་བའི་རྣམ་པར་དཀར་བ་དགེ་གྱུར་ཅིག།
ཁྱེད་དང་རྩོམ་ཡིག་ལ་མ་མཇལ་ཡུན་རིང་འགོར་བས་ཁམས་འདྲི་དང་ལྷན་དུ་སྙན་ངག་ལ་རང་ཚོད་ཀྱིས་རོལ་མྱོང་ཟིན། མུ་མཐུད་ནས་ཕྲིས།
ཆུ་ནས་མ་སྐྱེས་བོད་ནས་སྐྱེས།
སྐྱེས་བཟང་ཚིག་གི་རྒྱན་བཟང་ངོམ།
ངོམ་མེད་རྩོམ་གྱི་རྒུན་ཆང་འདི།
འདི་ནས་སྒྲོལ་མ་ཁྱེད་ལ་མཆོད།
རྒན་ཆབ་བྲག་ཕོ་ཉ་་ལགས་སོགས་ཕེབས་པར་བཟང་།
འཇིག་རྟེན་མཛེས་པའི་དངོས་མཆོག་མང་ན་ཡང་།།
ཡིད་་སེམས་འགུག་པའི་ལྕགས་ཀྱུ་རྣོ་ན་ཡང་།།
ཐམས་ཅད་དངོས་པོའི་གཤིས་ལས་མཆོག་འགྱུར་བ།།
ལྷད་མེད་དྭངས་གཙང་སེམས་འདི་་ཅི་་མི་མཚར།།
ལྷག་བསམ་དག་པའི་གཏམ་བཟང་དེ། ཁོ་བོའི་ཡིད་ལ་ཅིར་ཡང་བབས། སླར་ཡང་སྙན་རྩོམ་འདི་འདྲའི་རིགས། ཡང་ཡང་འབྲི་ལ་སྤྲོ་བར་འཚལ།།
ངའི་སྨྱུག་མིང་ལའང་བུ་མོ་ཞིག་གི་མིང་བཏགས་ན་ཡག་ས་རེད། ཆུ་སྐྱེས་སྒྲོལ་མའི་རྩོམ་ལ་ཡིག་ནོར་འདུག འོང་ཀྱང་རྒན་ལ་དྭགས་གཙོས་སུ་ཞིག་གིས་དོ་སྣང་བྱེད་ཀྱི་མི་འདུག དེ་ནི་ཁོའི་མིང་བུ་མོའི་མིང་ཡིན་པའི་ཆ་ནས་རེད་འདུག ཧ་ཧ་ཧ། གད་མོ་ཞིག་རང་དབང་མེད་པར་ཤོར་སོང་ཐལ།།
རང་བྱུང་རིག་རྡོར་གྱི་སྐད་ཆ་དེ་ངོ་མ་རེད། བུ་མོའི་མིང་ཞིག་ཡོད་ན་སྐྱ་སེར་དང་རྒན་གཞོན་མེད་པ་ཚང་མ་སྨྱོ་འགྲོ་ལེ་རེད། ཧཧཧཧཧ
གཞན་ལྟ་ཅི། རྒན་ལ་དྭགས་ཚང་ཡང་སྨྱོས་འདུག མི་རྒས་རུང་སེམས་མི་རྒས་ཟེར་བ་དེ་ཅིས་མི་བདེན། ངས་རྒན་ལ་དྭགས་ཀྱིས་གཞན་ལ་སྙན་ངག་གིས་ལམ་ནས་བསྟོད་པ་ད་རེ་ཐེངས་དང་བོ་མཐོང་བ་ཡིན། གད་མོ་ཞིག་རང་དབང་མེད་པར་ཤོར་སོང་། །
རེད། ང་ཚོ་བུད་མེད་ཚོས་རྩོམ་གཅིག་བྲིས་ན། སྐྱེས་པ་དེ་ཚོས་མར་གྱི་ནང་ལ་སྤུ་འཚོལ་བ་བཞིན་སྐྱོན་སྒྲུག་གང་ཐུབ་བྱེད། གང་ལྟར་བོད་གངས་ཅན་གྱི་བུད་མེད་ཀྱི་ལས་ནི་ཇི་ལྟར་དཀའ་བ་ལགས། སྔོན་གྱི་ཤོད་སྲོལ་ལ། སྐྱེས་པའི་སྐྱག་པ་རྒྱ་ལམ་ཟུར། བུད་མེད་གཅིན་པ་ལའི་ཕར་རྒྱབ་ཟེར་བ་ཅིས་མི་བདེན།
གསལ་བཤད། གོང་གི་གཏམ་དཔེ་འདིའི་ནང་དོན་ནི། སྐྱེས་པ་ཁྱོ་ག་གཅིག་སྐྱག་པ་བྲོ་ན། རྒྱ་ལམ་ཟུར་ལ་གཏོང་ཆོག་ཆོག་དང་། བུད་མེད་གཅིག་གཅིན་པ་གཏོང་བར་ཡང་ལ་གཅིག་རྒྱབ་དགོས་པའི་དཀའ་ངལ་མཚོན་པར་བྱེད།
ཨ་རོགས། ཀེ། སྙན་ངག་འདི་སྙིང་སྡུག་རྡོ་རྗེ་དབང་ཕྱུག་གིས་དེབ་གསར་བཏོན་པ་ལ་གཟེངས་བསྟོད་ཀྱི་འོ་ཚ་བོ་ཞིག་བསྐྱལ་བ་ཙམ་ཞིག་རེད་འདུག བཟའ་ཚང་ཟེར་བ་དེ་དེ་འདྲ་དགོས། ངོ་སོ་བསྟོད། ང་ལ་ཆུང་མ་འདི་འདྲའི་བརྩེ་དུང་ཅན་ཞིག་ཡོད་ན་ད་ངས་དེབ་ཟེར་ན་ཆར་བ་འབབ་འབབ་བྱེད་ས་རེད།