དགེ་འདུན་མཐར་ཕྱིན།
རང་སེམས་ལྷན་སྐྱེས་ངང་དུ་གནས་པར་བྱ།།
རང་འབྱུང་ཁམས་ལ་གཡོ་མེད་གནས་པར་བྱ།།
རང་སེམས་དག་པའི་དབྱིངས་སུ་གནས་པར་བྱ།།
རླུང་སེམས་རང་སྒྲོལ་ངང་དུ་གནས་པར་བྱ།།
སྣང་ཚད་ལྷ་ངོར་ཤར་བའི་སེམས་བདེ་དང་།།
གྲགས་ཚད་སྔགས་སུ་ཤར་བའི་ཉམས་ཚོར་དང་།།
རིག་ཚད་ཆོས་སྐུར་ཤར་བའི་ཡིད་སྤྲོ་བཅས།།
འཇིག་རྟེན་ཁམས་ཀྱི་གསང་བའི་ཡང་སྙིང་ཡིན།།
རྣམ་རྟོག་དགྲ་རུ་ཤར་བའི་སྣང་བ་དང་།།
ཐོས་ཚད་གཡེང་བར་བྱེད་པའི་འུར་སྒྲ་དང་།།
རིག་ཚད་རྨོངས་པར་བྱེད་པའི་མུན་པ་ནི།།
འཇིག་རྟེན་འཁོར་བར་འཛིན་པའི་འཁྲུལ་སྣང་ཡིན།།
རྟོགས་ཚོགས་ཐམས་ཅད་རང་ཤར་རང་གྲོལ་དུ།།
ཆུ་ཡི་རི་མོ་བརྗེས་མེད་ཡལ་བ་ལྟར།།
གསང་བ་སེམས་ཀྱི་ཡེ་ཤེས་རང་ཤར་དེ།།
མ་བརྗེད་ཡིད་ཀྱི་དཀྱིལ་འཁོར་དམ་པར་གཅེས།།
སྒྱུ་ལུས་སྣང་སྟོང་སྤྲུལ་པའི་སྐུ་རུ་ཤར།།
ངག་གི་གྲགས་སྟོང་སྐྱེ་མེད་ལོངས་སྤྱོད་རྫོགས།།
སེམས་ཀྱི་བདེ་སྟོང་ཡེ་ཤེས་ཆོས་ཀྱི་སྐུ།།
གསལ་རིག་སྟོང་སངས་ངོ་བོ་ཉིད་ཀྱི་སྐུ།།
གང་ཤར་སྣང་བ་ལམ་དུ་འཁྱེར་བ་དང་།།
རང་སེམས་མ་བཅོས་རྣལ་མར་སྡོད་པ་དང་།།
སྒྱུ་ལུས་སྟོང་པ་ཉིད་ཀྱི་ཟས་ཀྱིས་འཚོ།།
རང་སེམས་དྲན་ཤེས་ཆེན་པོའི་ཆུ་ལ་བརྟེན།།
རྨི་ལམ་འོད་གསལ་ངང་དུ་ཉལ་བ་དང་།།
ཡུལ་ཁང་གནས་ས་བླ་མའི་དཀྱིལ་འཁོར་དེར།།
སེམས་ཀྱི་སྣང་གྲགས་རྟོག་པའི་འཁྱེར་བཟོ་གསུམ།།
བདེ་བཤེགས་ཐུགས་ཡིད་དབྱེར་མེད་ངང་དུ་འཆི།།
༑ མདོ་སྔགས་ཀུན་སློང་རྒྱ་ཆེ་གཉིས་ལྡན་ཀྱིས།།
སྤངས་བླང་ཀུན་སྤྱོད་གཉིས་ལ་གནས་པའི་ཐོག།
ཐུན་མོང་སྔོན་འགྲོ་བཤེས་གཉེན་བརྟེན་པ་བཅས།།
ཐུན་མིན་བླ་མའི་རྣལ་འབྱོར་བཅས་ལ་བརྩོན།།
སྐྱབས་ཡུལ་ཕྱི་ནང་གསང་བ་དེ་ཉིད་ཀྱི།།
སྐྱབས་གནས་སངས་རྒྱས་ཆོས་དང་དགེ་དུན་དང་།།
བླ་མ་ཡི་དམ་མཁའ་འགྲོ་འབྲལ་མེད་ཀྱིས།།
ཆོས་ལོངས་སྤྲུལ་གསུམ་སེམས་ཀྱི་གསང་བ་བརྟེན།།
ངོ་བོ་རང་བཞིན་ཐུགས་རྗེའི་དབྱིངས་སུ་གྲོལ།།
བལྟ་བསྒོམ་འབྲས་གསུམ་དབྱེར་མེད་ཤེས་པ་དང་།།
སེམས་ཉིད་སྤྲོས་བྲལ་རང་རྩལ་འགགས་མེད་དུ།།
འཆར་ཞིང་གཉིས་མེད་བདེ་སྟོང་རྣམ་པར་རོལ།།
༑ སྐྱབས་འགྲོའི་རྩ་བ་དད་པ་སྟེ།།
ད྄ངས་བ་འདོད་པ་ཡིད་ཆེས་གསུམ།།
སྐྱབས་གསུམ་ཡོན་ཏན་ཤེས་པ་དང་།།
སྐྱེས་བུ་གསུམ་གྱི་སྐྱབས་འགྲོ་བྱ།།
འགྱུར་ལྡོག་འཕེལ་འགྲིབ་མེད་ཅིང་ཁ་གཏིང་མེད།།
བྱས་ཡུས་མེད་ཅིང་མཐའ་དབུས་མེད་པ་སྟེ།།
རྐྱེན་གྱིས་མི་འཕྲོག་སྐྱོ་དུབ་ཐང་ལྷོད་མེད།།
རྒྱུན་ཆད་མེད་པར་དད་གུས་གསོལ་འདེབས་ཞུ།།
རྒྱལ་པོ་གྲུ་དང་རྫི་བོའི་སེམས་བསྐྱེད་དེ།།
སྨོན་སེམས་མཚམས་མེད་བཞི་ཡིས་རྒྱུད་སྦྱང་ཞིང་།།
འཇུག་སེམས་ཕར་ཕྱིན་དྲུག་ལ་གནས་པ་ཡིས།།
རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ནུས།།
༑ བདེན་བཞི་སེམས་ཀྱི་ཡོན་ཏན་དུ་ཤེས་ཤིང་།།
ཕྱག་རྒྱ་བཞི་ལ་ཡིད་ནི་རབ་གཏད་དེ།།
མདོ་སྔགས་ས་ལམ་རིམ་པ་ལེགས་བསམས་པས།།
བསྟན་པའི་ཡང་སྙིང་ཁོང་དུ་ཆུད་པ་ངེས།།
སྡེ་སྣོད་གསུམ་གྱི་བརྗོད་བྱ་བསླབ་པ་གསུམ།།
འཕགས་ལམ་བརྒྱད་དང་བྱང་ཕྱོགས་སོ་བདུན་དང་།།
ཉན་ཐོས་རང་རྒྱལ་བྱང་སེམས་ཐེག་པ་གསུམ།།
རྒྱུད་སྡེ་བཞི་བཅས་དབྱེར་མེད་ལམ་དུ་འཁྱེར།།
འཇིག་རྟེན་ཐེག་པ་དགེ་བཅུའི་ཚུལ་ལ་གཅེས།།
འཁོར་བའི་ཉེས་དམིགས་བསམས་ནས་ངེས་འབྱུང་བསྐྱེད།།
མི་རྟག་དྲན་པས་རྟག་འཛིན་སྣང་བ་སེལ།།
ལས་འབྲས་གོམས་པས་བག་ཡོད་གནས་ལ་འཚོ།།
རང་དོན་ཡིད་བྱེད་བློ་ནི་སེམས་ཀྱི་འདྲེ།།
ལུས་སེམས་བདེ་བ་འཕྲོག་བྱེད་རྐུན་པོ་ཡིན།།
འདོད་ཆུང་ཆོག་ཤེས་ཆོས་ཀྱི་རྟུལ་ཤུགས་ལ།།
ཉིན་མཚན་ཀུན་དུ་བརྩོན་པ་དམ་པ་ཡིན།།
༑ འདོད་ཆུང་ཆོག་ཤེས་ཆོས་ཀྱི་རྩ་བ་རུ།།
བསྟོན་མཛད་ཤཀྱ྄་ཐུབ་པ་ཆེན་པོ་ནས།།
རྒྱུད་པའི་གདམས་པ་ཞི་བ་ལྷ་ཆེན་དང་།།
སེར་གླིང་པ་དང་དྷི་པམ་ཀ་ར་དང་།།
གངས་ལྗོངས་ཆོས་ཀྱི་རྒྱལ་པོ་འབྲོམ་བསྟོན་སོགས།།
བཀའ་གདམས་སྐྱེ་ཆེན་རིམ་བྱོན་གྱི་ཉམས་ལེན།།
ལམ་རིམ་བློ་སྦྱོང་ནང་བཅུད་ལེགས་རྟོགས་ན།།
སྐྱེ་བ་དོན་ལྡན་འཆི་བ་དོན་ལྡན་ལགས།།
༑ ཕར་ཕྱིན་ཐེག་པའི་ཞི་ལྷག་གོམས་རིམ་དང་།།
བྱ་སྤྱོད་རྒྱུད་ཀྱི་ཞི་ལྷག་བསམ་ལུགས་དང་།།
རྣལ་འབྱོར་རྣལ་འབྱོར་བླ་ན་མེད་པ་ཡི།།
ཞི་ལྷག་དོན་རྣམས་གཅིག་འགྲིལ་རིག་པར་བྱ།།
དེ་བཞིན་ངེས་འབྱུང་བྱང་སེམས་རྣམ་གཉིས་དང་།།
ཕར་ཕྱིན་དྲུག་དང་བྱང་ཕྱོགས་སོ་བདུན་སོགས།།
རྒྱུད་དང་ཕར་རོལ་ཕྱིན་པའི་ཐེག་པ་ཡི།།
དགོངས་དོན་གཅིག་འགྲིལ་བསམས་པ་སྙིང་པོ་ཡིན།།
༑ དགོས་འདོད་རེ་བ་འཁྲུལ་སྣང་གཞི་མ་དང་།།
འཐོབ་འདུན་ཡིད་ཆགས་སེམས་ཀྱི་སྒྱུ་མ་སྟེ།།
སེམས་ཀྱིས་སེམས་མ་ཤེས་པའི་མ་རིག་པ་།།
སེམས་ཆགས་སེམས་ཀྱིས་སྒྲོལ་ན་ཐར་པ་ཡིན།།
སེམས་ཤེས་པ་ནི་སེམས་བདེ་ཞིང་།།
སེམས་ཀྱིས་སེམས་ནི་ཤེས་པར་བྱ།།
སེམས་ཀྱི་རང་གཤིས་སྟོང་པ་ཉིད།།
སེམས་ཀྱི་དབུས་སུ་དྲན་པར་བྱ།།
བཅོས་མིན་སེམས་ཀྱིས་མ་བཅོས་སེམས་ལ་བལྟོས།།
མ་བཅོས་སེམས་ཀྱིས་བཅོས་མིན་སེམས་ལ་གོམས།།
མ་བཅོས་མ་གཡེང་སེམས་ཀྱི་རང་གཤིས་ལས།།
ལྷན་སྐྱེས་སེམས་ཀྱིས་སེམས་ཀྱི་ལྷན་སྐྱེས་རྟོགས།།
གདོད་མའི་སེམས་དང་རང་བཞིན་ལྷན་སྐྱེས་སེམས།།
གདོད་མའི་ལུས་དང་ཤིན་ཏུ་ཕྲ་བའི་ལུས།།
མཐར་ཐུག་ང་དང་བདག་དང་གང་ཟག་བཅས།།
དབྱེར་མེད་ཆོས་གཅིག་ཡིན་པ་མྱོང་བས་སྒྲུབ།།
ཆོས་རྣམས་ཆ་མེད་རྡུལ་ཕྲན་ལས་བསྐྲུན་ཅིང་།།
ཆ་མེད་རྡུལ་ཕྲན་དབང་ཤེས་སྤྱོད་ཡུལ་མིན།།
ཕྱོགས་མེད་རྡུལ་ལས་ཕྲ་རགས་ལུས་བསྐྲུན་ཅིང་།།
ཕྲ་རགས་སེམས་ཀྱང་ཕྱོགས་མེད་རྡུལ་ལས་བསྐྲུན།།
མཐར་ཐུག་ཆོས་ཀྱི་གདགས་གཞི་ཆ་མེད་རྡུལ།།
ཆོས་ཀྱི་གནས་ལུགས་མིང་རྐྱང་བཏགས་ཡོད་ཙམ།།
ཕྱོགས་ཀྱི་ཆ་མེད་རྡུལ་ལ་བརྟེན་པའི་སེམས།།
དུས་ཀྱི་ཆ་མེད་ཤེས་པར་བརྟེན་ནས་ཡོད།།
ཕྲ་བའི་སེམས་ཀྱིས་ཕྲ་བའི་ཡུལ་རྟོགས་ཤིང་།།
ཕྲ་བའི་སེམས་ཀྱིས་ཕྲ་བའི་སེམས་མཐོང་ནུས།།
སེམས་གོམས་པ་ཡིས་སེམས་ནི་ཕྲ་བར་བྱེད།།
ཕྲ་མོའི་སེམས་ནི་ཕྲ་མོའི་སེམས་སུ་ཐིམས།།
༑ བློ་རིག་ཤེས་གསུམ་དོན་གཅིག་རྟོགས་པ་ཡིས།།
རང་ཡིད་སྟོང་གསུམ་གཉིས་མེད་ཤར་བར་བྱ།།
སྣང་སྟོང་རིག་གསུམ་ཡེ་ཤེས་སུ་འཆར་ན།།
སྐྱེ་འཆི་བར་དོ་དབྱེར་མེད་དབྱིངས་སུ་རོལ།།
ཕྱི་ཡི་ཤེས་བྱ་དབང་པོས་སྤྱོད་ཡུལ་དང་།།
ནང་གི་ཤེས་བྱ་ཡིད་ཀྱིས་སྤྱོད་ཡུལ་གཉིས།།
ཐ་དད་སོ་སོར་གནས་ཀྱང་ལུས་རྟེན་འདིར།།
དབང་ཡིད་གཅིག་ལ་གཅིག་བརྟེན་ཚུལ་དུ་གནས།།
སྣང་ཚད་སྟོང་པར་འཆར་བའི་སྣང་སྟོང་གཉིས་མེད་དང་།།
སྟོང་པ་བདེ་བར་མྱོང་བའི་བདེ་སྟོང་གཉིས་མེད་སྟེ།།
བདེ་སྟོང་ལྷ་སྐུར་ཤར་བའི་བདེན་གཉིས་དབྱེར་མེད་དུ།།
རོལ་བའི་དབྱིངས་རིག་རྣམ་དག ༏ཨེ་མ། ངོ་མཚར་ཆེའོ།།
སེམས་ཀྱི་རྡོ་རྗེ་བདེ་བ་ཆེན་པོ་དང་།།
ཀུན་ཁྱབ་ཆོས་ཀུན་རང་བཞིན་སྟོང་པ་ཉིད།།
དབྱེར་མེད་གཅིག་ཏུ་ཟུང་དུ་འཇུག་པ་སྟེ།།
བདེ་སྟོང་དབྱེར་མེད་ཕྱག་རྒྱ་ཆེན་པོ་དངོས།།
སྣང་སྟོང་ཟུང་འཇུག་གསལ་སྟོང་ཟུང་འཇུག་དང་།།
བདེན་གཉིས་ཟུང་འཇུག་ཅེས་པའི་ཟུང་འཇུག་དོན།།
མདོ་སྔགས་གྲུབ་མཐའ་ཡོངས་ཀྱི་དགོངས་དོན་རྣམས།།
མ་འདྲེས་གསལ་བར་ཤེས་ཏེ་མཁས་པར་བྱ།།