སེམས་ཀྱི་ལེའུ།
གནས་ལུགས།
ང་ཡི་མིག་ལ་ཁྱེད་ཉིད་སྙིང་དུ་སྡུག།
ཁྱོད་ཀྱི་སེམས་ན་ང་རང་གོ་གནས་ཆུང་།།
སྒྱུ་མའི་བརྩེ་བ་འདི་ལ་ཡིད་དུངས་བ།།
རྐང་གཉིས་ཀུན་ལ་དབང་བའི་སེམས་གཤིས་ཉིད་།།
གཤིས་ཀ
ཕམ་ཡང་མགོ་མི་སྒུར་ཕོ་ཡི་གཤིས།།
རྒས་ཀྱང་ཡག་ཅིག་དགོས་པ་མོ་ཡི་གཤིས།།
མདོར་ན་དོན་ཞིག་དགོས་པ་ཀུན་གྱིོ་གཤིས།།
གཤིས་ལྡན་མི་ལ་ཐོབ་པ་སྡུག་བསྔལ་ཞིག།
རྒྱུ་འབྲས།
ལྷ་ཁང་མཆོད་ཁང་སྦུག་ན་དད་པའི་ཉམས།།
ཟ་ཁང་ཚོང་ཁང་གྲུ་ན་ཧམ་པའི་སེམས།།
མྱི་སེམས་མྱི་ཡིས་གསོད་པའི་སྡེ་གྲོང་ན།།
ལྕགས་ཀྱི་རྒྱ་མ་འཁུར་བའི་ལས་དབང་ཞིག།
དད་པ།
ཐལ་མོ་སྙིང་ལ་སྦྱར་ནས་ཕྱག་གསུམ་འཚལ།།
གོམ་པ་ཁྱར་ཁྱོར་དགོན་སྡེའི་གྲུ་ན་འདར།།
ཕྱི་མའི་ལམ་རྒྱགས་འཚོལ་བའི་བར་གསེང་ནས་།།
ཡིག་གེ་དྲུག་མར་འཁྲེང་བའི་སེམས་པ་ཞིག།
སྡུག་བསྔལ།
ཕྱུག་པོར་སེམས་ཁྲལ་ལྕི་མོ་སྙིང་ན་འཁྲུག།
མེས་པོའི་འོ་དོད་རིང་མོ་ངག་ན་འདོན།།
ཡོད་ཚད་ལས་ཀྱིས་གྲུབ་པའི་འཁོར་བ་ན།།
རང་སེམས་རང་གི་གསོ་བའི་མྱ་ངན་ལྕི།།
ཨ་མ།
སྐྱ་རེངས་བུ་མོ་ཁྱོད་ཀྱི་པང་ན་གཉིད།།
དུས་བཞིའི་ནམ་ཟླ་འཁུར་བའི་སྦྲ་འདབས་ན།།
ལྷས་རར་མི་ཚེ་རྫོགས་པའི་དྲིན་ཆེན་མ།།
མ་ཎི་ཡིག་དྲུག་མ་གཏོགས་སྐྱོ་རོགས་སུ།།
ནུ་མོ།
གོམ་སྣེ་རྡོ་ལ་ཐོག་པའི་བྱིས་དུས་སུ།།
ཨ་མའི་བརྩེ་བ་རུམ་ནས་སློབ་གྲྭར་སོང་།།
ཀ་ཁའི་རྣམ་ཤེས་འཚོལ་བའི་སློབ་ཁང་ན།།
དབྱངས་གསལ་སོ་བཞིའི་རྩེད་རོགས་ཆུང་ཆུང་ཞིག།
གནས་ཀྱི་ལེའུ།
བོད།
སྟེང་གི་ལྷ་ཞེས་ལྷད་མེད་དད་པ་ཞིག།
འོག་གི་ཀླུ་ཞེས་མཆོད་པའི་མེ་ཏོག་ཞིག་།།
བར་གྱི་འདྲེ་ལ་སྐྲག་པའི་ཞེད་སྣང་ཞིག་།།
རྣམ་རྟོག་མཇུག་མ་རིང་མོ་བོད་ལ་སྐྱེས་།།
ལྷ་ས།
བཙན་པོའི་ཁྲི་ལ་འགྱིང་ནས་དོན་ཞིག་བསྒྲུབས།།
སྐྱེས་ཆེན་དམ་པ་ཕེབས་ནས་ཆོས་ཤིག་གསུངས།།
མྱི་ཆེན་དཔོན་ཆེན་ཚོགས་ནས་ཟིང་ཞིག་ལངས་།།
རྒྱ་མོའི་སྒེག་ཉམས་བར་ནས་ཁྱོད་རང་རྨས་།།
པོ་ཏ་ལ།
སྔོན་ཆད་ཁྱེད་ནི་ཨ་མའི་གཅེས་ཕྲུག་ཡིན།།
ད་ལྟ་ཁྱེད་ནི་གཞན་གྱི་ཚོང་རྫས་ཡིན་།།
རྒྱང་རིང་ཨ་མ་མེད་པའི་ལོ་ཟླའི་ཁྲོད་།།
ཁྱོད་ནི་བདག་མེད་དྭ་ཕྲུག་ཁེར་རྐྱང་ཡིན་།།
ཡུམ་བུ་བླ་སྒང་།
ཡར་ལུང་ཁོག་གི་བགྲེས་སོང་རྒན་པོ་དེ་།།
རྒས་གཉེར་གདོང་ན་མངོན་ཡང་བརྗིད་རྔམ་ལྡན།།
རྒྱལ་ས་ལྷ་སའི་སྙན་པ་ཆེ་ན་ཡང་།།
ཁྱེད་ནི་སྤུར་རྒྱལ་བོད་ཀྱི་མེས་པོ་ཡིན་།།
བར་སྐོར
ལྷ་བསང་དགུང་ལ་འཕྱུར་བས་སྤྲིན་པ་འདར།།
སྣ་འཛོམས་ཁྲོམ་ལ་ཞུགས་ན་མི་སེམས་གཡོ།།
རྒྱང་རིང་མཇལ་བའི་ལྷད་མེད་དད་སེོམས་ལ།།
ཉི་མའི་ཕྱི་མིག་མཚམས་སྤྲིན་ཀློང་ན་ཤོར།།
རེབ་གོང་།
དགུ་ཀླུང་དལ་འབབ་རིང་མོའི་ལྟོ་བ་ན།།
རིགས་པའི་གྲོང་ཞེས་མཁས་བརྒྱ་སྐུ་བལྟམས་པའི།།
སྒྱུ་རྩལ་གྲོང་ཞེས་མཛེས་པའི་གནས་མཆོག་ཞིག།
གདོང་དམར་བོད་པ་ཚང་གི་རྒྱན་དུ་གྲགས།།
རྡ་ས།
ཞི་བདེའི་དེད་དཔོན་འཛུམ་མདངས་འདི་ན་འཁྲུངས།།
གདོང་དམར་བོད་པའི་ལས་དབང་འདི་ན་གླེང་།།
དབྱངས་གསལ་སོ་བཞིའི་མྱ་ངན་འདི་ན་ལྕི།།
ཇོ་ལོག་གྲྭ་ལོག་སྣང་བ་འདི་ན་མཐུན།།
དབེན་དགོན།
བན་ཆུང་རྨི་ལམ་ཆོས་དུང་དཀར་པོས་དཀྲོག་།
སྐྱ་རེངས་བུ་མོ་རུམ་བཞིན་ཚོགས་ལ་ཆས།།
ཤི་བོའི་རྣམ་ཤེས་འདྲེན་པའི་ངང་ཚུལ་གྱིས།།
གྲོང་གི་རྒན་པོའི་དད་པའི་མིག་ཆུ་ཤོར།།
སྦྲ་ནག
མེས་པོའི་ལོ་རྒྱུས་རིང་མོ་ཁྱོད་ཀྱིས་ཤེས།།
དུས་བཞིའི་གསང་བ་མ་ལུས་ཁྱོད་ཀྱིས་རྟོགས་།།
ཟླ་བའི་འཁྲེང་སེམས་ཤོར་བའི་རྩྭ་ཐང་ན།།
གཡང་དཀར་ལུག་གི་རྫི་བོ་བགྲེས་སོང་ཞིག་།།
ངོ་མ་བཟང་གིས།ཨ་མས་བུ།
སྙན་ངག་འདི་ངོ་མ་ཡག་པོ་འདུག