ཁྲོ་གཏུམ།
འདས་པའི་གཏམ
ལས་དབང་གི་གོམ་ཞེང་ལ་འཇལ་བ
གཏམ་གྱིས་བསླུས་པའི་ཁོར་ཡུག་གི་འདུ་འཛི
འགྲེལ་བཤད་ཀྱི་རྒྱ་རྡོ་གཅོག
དྲང་བདེན་གྱི་རྒྱ་ཤིང་ཀུག་པ
ཁྱོད་གང་ན་གནས་པའི་མི་དེའམ
གང་ཞིག་འཚོལ་བའི་འཚོ་བ་དེར་འཐམས་འདུག
ཁོར་ཡུག་ནི་ལྷིང་འཇགས་འདྲ་ལ
ཞིབ་ཀྱིས་བལྟས་པའི་ལྷིང་འཇག་གི་ཁྲོད
དཀྲོག་གཏམ་གྱི་སྡོམ་ཐག
གྲུ་ཟུར་དང་གྲུ་ཟུར་བརྒྱུད་དེ
མུ་མེད་པའི་དཀྱོག་ལམ་དེའི་གོ་མཛོད་རོལ་དབྱངས་ཀྱི་རྒྱུད་སྐུད་ཅིག
ཅི་ཞིག་ནི་སྙན་པའི་གཏམ་སྟེ
ཇི་ལྟར་སྙན་པའི་གཏམ་རྙེད་པར་གྱུར
རྐང་པ་སྤོས་པ་ཙམ་གྱིས་ས་གཞི་མཁྲེགས
ལག་པ་གཡུག་པ་ཙམ་གྱིས་ཉི་འོད་ཡིན་པ་ཤེས་རུང
སེམས་བསམ་པ་ནི་དུས་རབས་ཀྱིས་འཐག་གིན་འདུག
དྲན་ངོས་སུ་རྒྱུ་བ་ནི་འཆར་ཡན་ཞིག་སྟེ
བློ་ལ་འཛིན་མི་ཐུབ་པའི་འཆར་ཡན་ཞིག
སའི་གོ་ལའི་མདུན་རྒྱབ་ནི་ཡ་མཚན་པ་ཞིག་མ་ཡིན
ཞེན་ཆགས་ཀྱི་འཁུར་ཙས་དངུལ་ནག་བཙུར་མཁན་དེ་རེད
རྐང་པ་ན་རག་བར་ཡར་ལངས་པ
སེམས་པར་འཕོག་པའི་འུར་རྡོར་བྲག་ཅར་ཉན་ཞོར
ཁྱོད་ནི་ཚེ་སྲོག་གིས་བསྡུས་པ་ཤེས་ཤིང
ལུས་ཀྱི་འཕྲོད་བསྟེན་ཙམ་གྱིས་བསླུ་བའང་ཤེས
གཞས་གཏོང་ཞོར་ནམ་མཁར་བལྟས
ཉི་འོད་ཁོ་ན
སྔར་བཞིན་དུས་ལྟར་རྒྱུ་བ་མཐོང
ང་ནི་སྔར་བཞིན་མ་ཡིན་པའི་བསམ་བློའི་འཁྲུལ་སྣང་ཞིག
ཤོག་ཐོག་ཡིག་འབྲུ་ཁེར་འདེད
སྒྲ་ཐོག་གི་སྐད་ཆ་ཡང་འདེད
དོན་ཐོག་གི་ཁབ་བརྩེགས་རིམ་བཞིན་འབབ
ང་ལ་མཚོན་ན་དུས་རབས་ཀྱི་གཅར་རྡུང་ཞིག་ཏུ་འཁྲུལ
ཤ་ཚ་བ་དང་སྙིང་ཉེ་བ
བྱིས་དུས་ཀྱི་རྩེད་འཇོ
དར་དུས་ཀྱི་སྣང་བ
ཡོད་ཚད་ཕྱིར་དྲན་ལ་ཕྱིན་པའི་ཕྱི་རྒྱལ་གྱི་སེམས་པ་འདི
ད་རུང་ནར་སོན་མེད་པ་འདྲ
ང་ནར་སོན་དུས
ཡོད་ཚད་རྒས་པའི་དུས་སུ་སླེབས་ཡོད་པ་འདྲ
༠༣/༠༨/༢༠༢༣