མཁོ་འདོན་པཿ བསྟན་འཛིན་དགེ་ལེགས།
ནང་ཆོས་ཀྱི་གོ་རྟོགས་མ་སད་རུང་།།
རྒྱལ་རབས་ཀྱི་གོ་རྟོགས་སད་པར་བྱོས།།
རབས་བྱུང་གི་སྡོམ་མཐའ་མ་འཁྱོལ་ཀྱང་།།
མི་རིགས་ཀྱི་འཕེལ་ཁ་གོང་མཐོར་གཏོང་།།
གཞན་ཡུལ་གྱི་རྒྱལ་ཁམས་མ་བགྲོད་ཀྱང་།།
རང་ཡུལ་གྱི་བདག་དབང་དམ་པོར་བཟུང་།།
ཕྱི་གླིང་གི་མཛེས་མ་མ་འཐོབ་ཀྱང་།།
རིགས་མཐུན་གྱི་དམན་ཤར་རུམ་དུ་འཛུད།།
སྣ་མང་གི་སྐད་ཡིག་མ་ཤེས་ཀྱང་།།
གདོང་དམར་གྱི་སྐད་ཡིག་མཁྱེན་པར་མཛོད།།
འཛམ་གླིང་གི་ཞབས་ཕྱི་མ་འཇོན་རུང་།།
ནང་ཁུལ་གྱི་མཐུན་སྒྲིལ་གཙང་མ་བྱོས།།
སྔོན་ཐོན་གྱིས་རྩེ་མོ་མ་སླེབས་ཀྱང་།།
རྗེས་ལུས་ཀྱི་ལམ་ཁ་མྱུར་དུ་འགོག།
ཕྱི་དགྲ་ཡི་སྲོག་ལེན་མ་ཐུབ་ཀྱང་།།
ཕུ་ནུ་ཡི་ཚེ་སྲོག་མ་གཅོད་ཅིག།
ནང་ཆོས་ཀྱི་སེམས་བསྐྱེད་མ་ནུས་ཀྱང་།།
རིགས་གཞེན་གྱི་མཛའ་སེམས་མ་འདོར་ཅིག།
ཕྱི་ཟས་ཀྱི་བྲོ་བ་མ་ཐོབ་ཀྱང་།།
རང་ཟས་ཀྱི་གཡོ་བཀོལ་མཁྱེན་པར་མཛོད།།
འཛམ་གླིང་གི་ས་ཁྲ་མ་ཤེས་ཀྱང་།།
ཕ་མེས་ཀྱི་ཡུལ་ལུང་མཁྱེན་པར་མཛོད།།
ཡག་པོ་བྲིས་འདུག་ཡི་རངས་ཡོད།
བདེན་གི རབ་བྱུང་གི་སྡོམ་མཐའ་མ་འཁྱོལ་ཀྱང་།། མི་རིགས་ཀྱི་འཕེལ་ཁ་གོང་མཐོར་གཏོང་།། ཞེས་པ་འདི་ཁྱོད་ཀྱིས་ང་ལ་གཟས་ནས་བཤད་པལ་ཡིན་ས་རེད་གོ ཧ་ཧ་་་
བསྟན་འཛིན་དགེ་ལེགས་ལགས་ཁྱེད་རང་སུ་ཡིན་མིན་མི་ཤེས་ཀྱང་གོང་གི་རྩོམ་ཡིག་དེ་ཉིན་ཤས་སྔོན་ནས་ངོ་དེབ་ནང་བདག་གི་གྲོགས་པོ་འབྲི་གུང་སྤྲོ་ཚེས་སྤེལ་གནང་སོང་། ཉིད་ནས་རྩོམ་ཡིག་གང་ནས་དྲངས་མིན་གསལ་བཤད་མ་གནང་བ་ཡིན་ན་རྩོམ་ཡིག་རྐུ་བའི་ཉེས་མིན་ཕོགས་ངེས།
རྩོམ་འདི་འབྲི་གུང་ཚེ་བརྟན་རྡོ་རྗེའི་བྲིས་པ་རེད། རྩོམ་རྐུ་ནི་ཉེས་འགལ་ཆེ་ཤོས་ཤིག་ཡིན་པ་མཁྱེན་དགོས་གལ།།
འོ་ཡ་ད་རྙོག་དྲའི་ནང་ལྷུང་བཞག་
༄༅།། དྲ་གྲོགས་ཚོ། དེ་དངོས་གནས་བདེན་པ་རེད། རྩོམ་དེ་ངོ་དེབ་ནས་ངས་མཐོང་བྱུང་བ་མ་ཟད་བློ་སྐྱེས་ཡག་པོ་ཞིག་འདུག་བསམ་ནས་ཁ་བརྡ་རྩོམ་བྲིས་པར་ངོ་དེབ་ཐོག་མཐོང་བྱུང་བས་བཀོད་རོགས་གནས་ཞུས་པ་ཡིན། ངའི་རང་རྩོམ་ཡིན་རྩ་བ་ནས་བརྗོད་མེད། དངོས་གནས་ཡིན་མིན་ཁ་བརྡ་རྩོམ་སྒྲིགས་པར་འདྲི་རོགས་གནང་། ངས་རྩོམ་དེ་བརྐུས་ནས་ཁེ་བོག་གང་ཞིག་ཡོང་ག་ཡོད་མེད་ཚང་མས་མཁྱེན་གསལ་སོང་འདི་འདྲའི་རིགས་སྔོན་ཆད་བྱས་པ་མེད་ལ་ད་ལྟ་བྱེད་ཀྱི་མེད་པ་མ་ཟད་མ་འོངས་པར་བྱེད་སེམས་རྩ་བ་ནས་མེད་པས་
དྲ་གྲོགས་རྣམས་བློ་བདེ་པོ་གནང་རོགས་ཞུ།།
གོང་གསལ་རྩོམ་ཡིག་འདི་བཞིན་ཁ་བརྡར་མཁོ་འདོན་གནང་མཁན་དོ་བདག་ནས་ང་ཚོར་གསལ་བཤད་ཡི་གེའི་ནང་༼༄༅།། ཁ་བརྡ་རྩོམ་སྒྲྲིགས་པ་ལགས། དེ་རིང་ངོ་དེབ་ནང་སེམས་གཏིང་གི་སྐད་ཆ་ཡི་གེར་བཀོད་པ་འདི་མཐོང་སོང་བས་དྲ་ཐོག་ཏུ་བཀོད་གནང་ན་ལེགས་པོ་འདུག༽ཅེས་གསལ་འཁོད་གནང་འདུག་ནའང་།འདི་ནས་མཁོ་འདོན་པ་ཞེས་པ་འགོད་ལུས་ཤོར་འདུག་པར་དགོངས་སེལ་ཞུ་བ་དང་ཆབས་ཅིག ༼མཁོ་འདོན་པ་བསྟན་འཛིན་དགེ་ལེགས༽ཞེས་འགོད་བཅོས་ཞུས་ཟིན་ཡོད་ལགས།
ཁ་བརྡ་རྩོམ་སྒྲིག་པས།
Khabdha editor
http://www.khabdha.org
http://www.khabdha.com
khabdha@gmail.com
ཡག་པོ་བྲིས་འདུག་པས་ཡི་རངས་ཡོད། སེམས་མ་ཞུམ་ནས་མུ་མཐུད་དེ་མདུན་བསྐྱོད་གནོང་དང་།