བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་ཤོར་པའི་དཔའ་བོ་དཔའ་མོ་ཡོངས་ལ་ཕུལ།
རྔ་བ་ཀུན་བཟང་སྒྲོལ་མ།
འདི་ནས་རི་ཆུ་སྟོང་གི་འཚམས་ན་ཁ་བའི་མེ་ཏོག་འབབ་པའི་གནས།།
སྙན་པའི་བ་དན་དགོང་དུ་འཐེན་པའི་བསིལ་ལྡན་གངས་ལྗོངས་ཕྱུག་མོ་ཞེས།།
འཛམ་གླིང་འཛིན་མའི་ཁྱོན་དུ་གྲགས་པའི་བསིལ་ལྡན་གངས་རིའི་ལྗོངས་ཞེས་རྨད།།
བདག་གི་ལྟེ་ཁྲག་དང་པོ་འཐོར་སའི་ལོ་རྒྱུས་དར་རྒུད་གླེང་པར་སྤྲོ།།
སྔོན་བྱོན་ལོ་རྒྱུས་དེབ་ཐེར་ཁྲོད་ན་ཁྱོད་ཀྱི་རྒྱལ་ཁའི་དར་ཆ་སྒྲེང།།
ད་ལྟའི་རྒུད་པའི་རླུང་རྟའི་བར་ན་ཁྱོད་ཀྱི་སྙན་གྲགས་སླར་གསོི་དང་།།
དུས་ངན་ང་དགུའི་རླུང་ནག་འཚུབ་པས་མི་རིགས་དེ་ཡི་དར་རྒུད་དེ།།
བསམ་ཞིང་བསམ་ན་རྒུད་པའི་དུས་ནི་དམར་བོ་མེ་ལྕེའི་འོག་ནས་བསླངས།།
བརྩེ་བའི་ཕ་མ་མེད་པ་མིན་ཡང་དུས་ཀྱི་རླུང་འཚུབ་ནག་པོས་ཕྱེས།།
སྐྱིད་པའི་ཕ་གཞིས་མེད་པ་མིན་ཡང་རྒྱ་འདྲེ་དམར་པོས་ཁྲོམ་རྭ་བྱས།།
བརྩེ་མདངས་རི་མོ་ལྷན་དུ་བརྐོས་པའི་ན་ཆུང་བུ་མོའི་དབྱངས་རྟ་འདི།།
དམར་པོའི་མེ་མདའི་སོ་ཁའི་བར་ནས་ཚེ་སྲོག་རིན་ཆེན་རྫོགས་ལ་ཉེ།།
དཔལ་བོ་ཁྱོད་ཀྱི་མེ་ལྕེ་འོག་གི་རྒྱལ་ཞེན་གོར་མོ་བརླག་མ་མྱོང་།།
དཔའ་མོ་ཁྱོད་ཀྱི་རང་ལུས་དམར་པོའི་ཁ་ཆེམས་རྣལ་མ་བརྗེད་མ་མྱོང་།།
མདོར་ན་མེ་ལྕེ་རེ་རེའི་ཁྲོད་ན་བོད་མི་དཔའ་བོའི་རྣམ་ཤེས་འགས།།
མདོ་མེད་བོད་པའི་ཤ་ཁྲག་བརྗེད་པའི་བོད་མི་དེ་ཚོར་བརྡ་ཞིག་བཏང་།།
དཔའ་བོ་ཁྱེད་ཚོས་ཕྱི་རབས་ཆེད་དུ་རང་སྲོག་དམར་པོ་མེ་རུ་སྒྲོན།།
དཔའ་མོ་ཁྱོད་ཀྱིས་བོད་པའི་ཆེད་དུ་རང་གི་གཅེས་སྲོག་ཐང་ལ་བརྡབས།།
མདོ་མེད་ཤུལ་ལུས་ས་ཡ་དྲུག་གི་མ་འོངས་གཟི་བརྗིད་དྲན་ཞོར་དུ།།
ཁྱོད་ཚོའི་རླབས་ཆེའི་གཟི་བརྗིད་དེ་ནི་གངས་རིའི་ལོ་རྒྱུས་དེབ་ཏུ་འཁོད།།
༢༠༡༢ ༡༡ ༢༢ ཉིན་བྲིས།
དམར་དམར་མེ་ལྕེའི་དཀྱིལ་ནས་བདེན་པའི་འབོད་སྒྲ་གྲགས་ལྷང་ལྷང་།།
དཀར་དཀར་ལྷག་བསམ་དག་པས་ཞི་བདེའི་བློ་སྟོབས་རབ་བརྟན་བརྟན།།
རིང་རིང་མ་འགོར་དཔའ་བོ་ཁྱེད་ཚོའི་བསམ་པའི་དོན་ཆེ་ཆེ།།
མྱུར་མྱུར་མཆོག་གསུམ་ཐུགས་རྗེས་དོན་ཀུན་བདེ་བླག་གྲུབ་གྱུར་ཅིག།
སྒེའུ་སྟེང་བློ་བཟང་དཔལ་ལྡན་གྱི་ཕ་ཉ་གཞོན་ནུ་དོན་གྲུབ་མང་པོ་ཀློག་མྱོང་འདུག་ག ཡག་པོ་འདུག་ ཧྲ་ལ་བྱོས།
གནའ་དུས་བཙན་པོའི་སྟོབས་ཀྱི་འཁོར་ལོས་རྒྱ་ནག་ལྕགས་རིའི་ཡན་ཆོད་ནས། །
རྒྱ་གར་ཆུ་བོ་གངྒྰའི་ཚུན་ཆོད་དབང་དུ་བསྒྱུར་བའི་ལོ་རྒྱུས་ཤིག །
འུ་ཅག་མགོ་ནག་བོད་པ་ཚང་གི་ཡུལ་ལུང་ཀུན་ཏུ་གྲགས་ཆེ་ཡང་། །
དེང་གི་དུས་ན་འུ་ཚོ་ཚང་མར་སྡུག་ཅིག་འཕྲད་པ་ལས་དབང་ཉིད། །
རྒྱ་ནག་དམར་བོའི་སྲིད་གཞུང་འདི་ཡང་ཉིན་མ་རེ་རེར་འགྱུར་ནས་འགྲོ། །
རྒྱ་ཕྲུག་མང་བོའི་ཀླད་པ་དེ་ཡང་ཉིན་བཞིན་སད་ཀྱིན་སད་ཀྱིན་འགྲོ། །
རྒྱ་གཞུང་དང་ནི་མི་དམངས་བར་ལ་སྲིད་ཀྱི་འཐབ་འཛིང་ཇེ་ཆེ་རེད། །
འུ་ཅག་བོད་ལ་རེ་བ་ཡོད་ཀི་སེམས་ཤུགས་ནམ་ཡང་མ་ཉམས་བྱོས། །
མདོར་ན་བཙན་པོའི་སྙིང་སྟོབས་ཁུར་བའི་དཔའ་བོ་དཔའ་མོ་རེ་རེ་ཡིས། །
གཅེས་པའི་ལུས་སྲོག་ནང་མི་བཅས་ཏེ་སྙིང་སྟོབས་ཆེན་པོས་བློས་བཏང་སྟེ། །
ཆོལ་གསུམ་བོད་ཀྱི་བསྟན་འགྲོའི་སླད་དུ་ཞི་བའི་འབོད་ཚིག་སྒྲོགས་བཞིན་དུ། །
མེ་ལ་བསྲེགས་པའི་ལོ་རྒྱུས་འདི་ཡང་སྐལ་བའི་མཐའ་ཡང་མ་ཉམས་ཤོག །
རྩོམ་དང་མཆན་གཉིས་ཀ་མཐུན་སྒྲིལ་དང་ལྷག་བསམ་གྱི་དྲོད་ཁོལ་ཞིག་འདུག
ཁ་བ་མེ་རུ་གྱུར་པའི་གཏམ་རྒྱུད་ཀྱི་ཀློང་ན།།
མེ་ལྕེ་དྲག་ཏུ་འབར་པའི་ཀི་སྒྲ་ཡི་བར་ན།།
ཆོལ་གསུམ་མཉམ་ཏུ་སྒྲིལ་བའི་བདེན་བདེན་ཚིག་གི་ཞལ་ཆེམས།།
སྨྱུག་ཐོག་གསར་སྐྱེས་ཀློང་ན་འབར་བཞིན་འདི་དགའ་བ།།
ཚེ་སྲོག་མེ་ལ་སྦྱིན་པའི་བདེན་དཔང་འདིས།། རྒྱ་སྡེ་དུག་རྭ་ནག་པོའི་ཧམ་བཤད་དེ།། རྨེག་མེད་རྩ་ནས་བཅད་པའི་དཔང་རྟགས་ཡིན།། དྲང་བདེན་ཁ་རུ་འཁྱེར་པའི་མཉམ་རྒྱལ་ཚོགས།། སྤྱན་ཟུང་བཙན་གྱིས་བཙུམ་ནས་མ་བཞུགས་པར།། མགོན་མེད་གངས་ཅན་པ་རྣམས་གཟིགས་དང་ཀྱེ།།
ལོ་རྒྱུས་ཐོག་ནས་དཔའ་ངར་ཆེ་བའི་ས་ཡ་དྲུག་པོ་དེ།།
ཕྱོགས་བཞིའི་མཚམས་ནས་བཙན་རྒོལ་སླེབས་ཀྱང་རང་གཤིས་བརྟན་པོར་གནས།།
མི་རིགས་ཞིག་གི་རང་བཙན་རྩོད་བྱེད་ཞི་བའི་མཚོན་ཆ་དགོང་ལ་འཕྱར།།
དཀོན་ཅོག་གསུམ་ལ་ཡིད་ཆེས་ཐོག་ནས་ལས་འབྲས་རྣམ་གཞག་གཏའ་མར་བཞག།
ཁྱེད་རང་གི་བརྩོམ་དེ་ཡག་པོ་འདུག་ཡ།