གཡག་རིན་པོ་ཆེ།
ཉི་མ་ཤར་ནས་འཆར་བའི་ཆོས་ཉིད་ལ་བསམ་ན།།
ཟླ་བ་ཕྲག་པར་ལྷུང་ལ་ཡིད་གཉིས་ཤིག་མེད་མོད།།
སྐར་ཚོགས་གང་སར་གཏོར་བའི་རང་བཞིན་ལ་བསམ་ན།།
ཆོས་ཉིད་བདེན་པའི་རྒྱལ་བོར་ཡིད་ཆེས་ཤིག་མི་འདུག།
ཉིན་མཚན་ཉི་ཟླས་བརྗེ་བའི་བག་ཆགས་དེ་ཟབ་ཀྱང་།།
མར་ངོའི་ཟླ་བ་འགྲིབ་པའི་གོད་ཆག་གིས་རྐྱེན་པས།།
རྐུན་མར་ཁ་ལས་སྟེར་བའི་ནམ་ལངས་ཀྱི་སྐྱ་རེངས།།
སྡུག་གི་གཤེར་ཁུ་བཞུར་བའི་རྒྱལ་ཁམས་ལ་ཤར་བྱུང་།།
རྟ་ཁ་སྐྱིད་ཆུར་བསྒྱུར་བའི་མཚན་མོ་ནས་བཟུང་སྟེ།།
འདྲ་རིས་མགོ་ནས་འཕྲོག་པའི་དེ་རིང་གི་བར་དུ།།
སྐྱིད་སྡུག་སྐྱ་མོའི་ལམ་ལ་རྫོགས་ཡ་ཞིག་མེད་ཀྱང་།།
ཁྱོད་ཉིད་སེམས་རྩར་འཁྱིལ་བ་བདེ་སྐྱིད་ཀྱི་ཞུན་མར།།
དགྲ་གཉེན་མེ་ལོང་གཅིག་གི་མདུན་ངོས་ལ་བཞག་ནས།།
སྡུག་བསྔལ་བདེ་བར་བསྒྱུར་མཁས་དེད་དཔོན་དེ་ཁྱོད་ཡིན།།
བྱང་སེམས་སྙིང་རྗེ་ཆེན་པོའི་མགོན་སྐྱབས་དང་དཔུང་གཉེན།།
མཛད་ལ་གཡེལ་བ་མེད་པ་ཁྱེད་ཉིད་ཀྱི་གཤིས་ཡིན།།
ཁམས་གསུམ་གཅིག་ཏུ་སྐྱོང་བའི་སྙིང་ཁམས་ཅན་ཁྱོད་ཡིན།།
མགོ་ནག་སྙིང་གི་རུས་པ་སྲ་མོ་དེ་ཁྱོད་ཡིན།།
བུ་ངའི་སྤྱི་བོའི་གཙུག་གི་རྒྱན་ཆ་དེ་ཁྱོད་ཡིན།།
ཁྱོད་ནི་ཁོང་དང་ང་ཡི་ཡོད་ཚད་དེ་ཡིན་པས།།
འཁྲུངས་སྐར་ཤིས་ཚིག་ཤར་ལྷོ་ནུབ་བྱང་ན་འབབ་པ།།
སྤྱིར་ན་ཆོས་བརྒྱད་ལས་ཀྱི་ར་བ་ལ་མཛེས་ཀྱང་།།
ལོ་རེ་བགྲེས་པར་གྱུར་པའི་གྱོང་གུད་ལ་བསམ་ན།།
ཡིད་ཀྱི་ཟབ་ས་ཞིག་ནས་བཟོད་ཐབས་ཤིག་མི་འདུག།
སྐུ་ཚེ་མི་ཤིགས་རྡོ་རྗེའི་མདུད་པ་ལ་བཏབ་ནས།།
ཞབས་རྡུལ་གངས་རིའི་ཞིང་གི་གཟི་དཔལ་དུ་བསྟམས་ཏེ།།
ཕ་ངོ་བུ་ངོ་འཕྲད་པའི་ལོ་ཟླ་ཡི་བར་དུ།།
བསྐལ་བ་རྒྱ་མཚོའི་བར་དུ་བརྟན་པོ་རུ་བཞུགས་མཛོད།།
(མགོན་པོ་གང་ལ་མི་ཕྱེད་པའི་དད་པ་ཅན་གཡག་རིན་པོ་ཆེ་ཞེས་པའི་འབངས་མཐའ་བ་དེས་༢༠༡༤ ལོའི་ཟླ་༧ ཚེས་དྲུག་ཉིན་གྱི་ཐོག་མའི་དུས་ཚོད་དེ་ཆུ་ཚོད་བཅུ་གཉིས་སྟེང་རྒྱ་ནག་སུའུ་ཀྲུག་གྲོང་ཁྱེར་ནས་མགྲིན་པ་མཆི་མས་བརྣངས་བཞིན་བྲིས་པ་དགེ།)
སྙན་པའི་ངག་ལ་དད་འདུན་གཙང་མའི་གཤིས།།
དྲན་པའི་གདུང་བ་གངས་རིའི་གྲོང་ནས ཤོར།།
ཚིག་གི་སྦྱོར་བའི་རྩལ་ཀྱི་སྔ་ཕྱི་རྒྱན།།
འཁྲུངས་སྐར་ཤིས་ཚིག་ཀློག་པའི་ངག་ལ་བདེ།།
གང་སྐུ་མཇལ་བའི་གཟི་བརྗིད་དེ་ཡིས་འགྲོ་བའི་མིག་དབང་རབ་ཏུ་འཕྲོག།
གང་གསུང་ཆོས་ཀྱི་བླང་དོར་གཟེགས་མས་སྐྱེ་ཀུན་ཡིད་ཀྱི་ཀློང་དུ་སིམ།།
གང་ཐུཊ་བྱམས་བརྩེ་ཕྱོཊ་མེད་སྦྱིན་པས་གླིང་འདིའི་ལྷ་མི་མངའ་དབང་བསྒྱུར།།
གང་ཁྱེད་ཤཱཀྱའི་རྒྱལ་ཚབ་ཆེན་པོ་འདྲེན་མཆོག་བསྟན་འཛིན་རྒྱ་མཚོར་འདུད།།