དོལ་སྨྱོན།
༡༽
མཛེས་རྒུས་གཏམས་པའི་ཞལ་རས་དེ་ནི་དམར་ཆུང་སེམས་ཀྱི་ཟས་མཆོག་ཅིག །
སྙན་དགུས་ཕྱུག་པའི་གསུང་སྐད་དེ་ནི་རྣ་བའི་དབང་པོའི་བུ་རམ་ཞིག །
སྐྱོན་གྱིས་སྟོང་བའི་སྤྱོད་ཚུལ་དེ་ནི་སེམས་ཆུང་དགྱེས་པའི་དགའ་སྟོན་ཞིག །
སྙིང་གི་དགའ་མ་ཁྱོད་ཀྱི་ཡོད་ཚད་མེ་ཏོག་དཀར་པོའི་རང་མདངས་ཤིག །
༢༽
མཐོང་ན་མཛེས་པའི་ཞལ་རས་དེ་ནི་བཅོ་ལྔའི་དུང་ཟླའི་དཔལ་ལ་ཤོག །
ཉན་ན་སྙན་པའི་གསུང་སྐད་དེ་ནི་དྲི་ཟའི་བུ་མོའི་གདངས་ལ་ཤོག །
བསམ་ན་བདེ་བའི་བསམ་སྤྱོད་དེ་ནི་མི་ནུབ་རྒྱལ་མཚན་ཏོག་ལྟར་ཤོག །
སྐྱོན་གྱིས་སྟོང་བའི་ཕྱི་ནང་ཡོད་ཚད་དཔྱིད་དཔལ་གཞོན་ནུའི་དཔལ་ལ་ཤོག །
༣༽
ཁྱོད་ཀྱི་མི་ཚེ་རིང་མོ་དེ་ཉིད་རྟག་ཏུ་སྤྲོ་དགས་སྐྱེལ་བར་ཤོག །
ཁྱོད་ཀྱི་བསམ་སྤྱོད་མཛེས་པོ་དེ་ཉིད་ཡར་ངོའི་ཟླ་བ་ལྟ་བུར་ཤོག །
ཁྱོད་ཀྱི་ཁོར་ཡུག་འཇིག་རྟེན་ཡོད་ཚད་བདེ་དགའི་དཔལ་ལ་སྤྱོད་པར་ཤོག །
ཁྱོད་ཀྱི་རེ་བའི་བསམ་འདུན་ཐམས་ཅད་གེགས་མེད་ཡིད་བཞིན་འགྲུབ་པར་ཤོག །
༤༽
ཁྱོད་ཀྱི་སྨན་ཁང་ཆུང་ཆུང་དེ་ན་ཐང་ཕྱེ་རིལ་བུས་གང་བར་ཤོག །
ཁྱོད་ཀྱི་ཕྱག་མཛུབ་འཇམ་པོ་དེ་ཡིས་ནད་རིགས་མཐའ་དག་རྟོགས་པར་ཤོག །
ཁྱོད་ཀྱི་ཉམ་ཐག་ནད་པ་ཐམས་ཅད་ནད་མེད་བདེ་བའི་དཔལ་ལ་ཤོག །
ཁྱོད་དང་ཁྱོད་ཀྱི་ནད་པ་ཡོད་ཚད་བསམ་དོན་ཆོས་བཞིན་འགྲུབ་པར་ཤོག །
༥༽
ཁྱོད་ཀྱི་ཁང་ཆུང་གྲུ་བཞི་དེ་ན་དུག་སྦྲང་མཆུ་རིང་མེད་པར་ཤོག །
ཁྱོད་ཀྱི་འཁྲུས་ཁང་ནར་མོ་དེ་ན་སྡོམ་ཐག་འབུ་སྲིན་མེད་པར་ཤོག །
ཁྱོད་ཀྱི་ཉལ་ཁྲི་ཆུང་ཆུང་དེ་ན་ནག་ནོག་རྩུབ་རེག་མེད་པར་ཤོག །
མཚན་གྱི་ཆུ་ཚོད་རིང་མོ་དེ་ཡང་རྨི་ལམ་ཞིམ་པོས་འདའ་བར་ཤོག །
༦༽
ང་ཡི་མིག་ཟུང་སྙོམ་པོ་འདི་ཡིས་ཚེ་གཅིག་ཁྱོད་ལ་བལྟ་བར་ཤོག །
ང་ཡི་སེམས་ཆུང་སྙོམ་པོ་འདི་ཡིས་ཚེ་གཅིག་ཁྱོད་རང་སེམས་པར་ཤོག །
ང་ཡི་ལག་ཟུང་སྙོམ་པོ་འདི་ཡིས་ཚེ་གཅིག་ཁྱོད་རང་འཆང་བར་ཤོག །
ང་ཡི་རྣ་མཆོག་ཀྲོང་ཀྲོང་གཉིས་པོས་ཚེ་གཅིག་ཁྱོད་ལ་ཉན་པར་ཤོག །
༧༽
ཉིན་གྱི་ཁོར་ཡུག་ཡུལ་ལྗོངས་ཡོད་ཚད་ཁྱོད་ཀྱི་ཞལ་རས་ཡིན་པར་ཤོག །
མཚན་གྱི་རྨི་ལམ་རིང་མོ་དེ་ཡང་རྟག་ཏུ་ཁྱོད་རང་ཡིན་པར་ཤོག །
སེམས་དང་བསམ་པའི་ཁོར་ཡུག་ཡོད་ཚད་རྟག་ཏུ་ཁྱོད་ཀྱིས་ཁྱབ་པར་ཤོག །
དབུགས་ཀྱི་རྒྱུ་བ་མ་འགག་བར་དུ་རྟག་ཏུ་ཁྱོད་རང་དྲན་པར་ཤོག །
གཞན་ཕན་ལ་གཞོལ་ལྷ་རྗེ་ཆེན་པོའི་སྨོན།
སྐྱེ་དགུ་ཀུན་ལ་བདེ་བར་རོལ་པའི་དབྱངས།
མཆོག་དམན་བར་པ་ཀུན་ལ་སྙོམས་པའི་ངག
མཛེས་དགུ་འདོད་དགུས་ཟུག་རྔུ་རྣམས་ལ་སྨན།།
སྣ་མང་ཤེས་བྱས་ཐུགས་རྒྱུད་ལེགས་གཏམས་ཤིང་།།
སྐད་དང་ཡི་གེ་སྲོག་ལྟར་གཅེས་པར་འཛིན།།
སྒྲ་རིག་སྨྲ་བའི་གཡུ་རལ་རབ་རྒྱས་པ།།
མཚུངས་མེད་ལ་དྭགས་བླ་མ་རྒྱལ་གྱུར་ཅིག།