བོད ལྷ་ཀླུ་གཉན་གསུམ།
གཉིད་ཀྱིས་འདྲུད་དེ་མལ་སར་འགྲོ་ཟེར་ཡང་།།
སེམས་ཀྱིས་འཐེན་ནས་དྲ་ངོས་འཛུལ་རོགས་ཟེར།།
མཐའ་མར་་སེམས་ཀྱི་ཤུགས་ལ་དབང་བཙན་སྟབས།།
དྲ་ངོས་འདི་ལ་ལྷོད་ཀྱིས་ཞུགས་ཁུལ་བྱས།།
ཟིན་བྲིས་མ་ཀློག་ཉིན་མ་གཉིས་གསུམ་སོང་།།
ཟིན་བྲིས་མ་སྤེལ་ཉིན་གཉིས་གསུམ་བཞིའི་བར།།
ཟིན་བྲིས་སྐོར་ལ་བསམ་གཞིགས་བྱེད་ཐེངས་རེར།།
ཟིན་བྲིས་རང་གི་ཟ་བཏུང་ལྟ་བུ་རེད།།
མེད་ན་མི་སྐྱིད་སེམས་ཀྱི་ཟས་ཤིག་རེད།།
ཡོད་ན་དཀའ་ཡི་དུས་ཚོད་ཁོམ་ལོང་དཀོན།།
ཡོད་མེད་དགའ་སྡུག་བསྲེས་པའི་འཚོ་བའི་ནང་།།
གཉིས་ཀྱི་བར་མཚམས་ཤིག་ན་གསོན་ཙམ་རེད།།
བོད་ཀྱི་སྙིང་རྩ་ཡོད་པར་འདོད་ན་ཡང་།།
བོད་དོན་ཏུལ་འབྲུ་ཙམ་ཡང་མ་སྒྲུབ་པར།།
ཁ་དང་ལྟོ་བའི་ཆེད་དུ་ཕྱི་ལ་ཉུལ།།
ཕྱི་ཡི་གྲོང་ནས་གཞན་མིའི་བྲན་དུ་གྱུར།།
དངུལ་སྒོར་ཡོང་བབས་ཡོད་པ་བདེན་ན་ཡང་།།
ཟ་བཏུང་འགྲོ་འདུག་ཕྱོགས་ཀྱི་ཆ་རྐྱེན་ནི།།
ཡུལ་ལུང་རྒྱ་གར་དང་ཡང་བསྡུར་ཐབས་མེད།།
འགྲོ་འདུག་གང་ཅིའི་ཐད་ལ་སྟབས་བདེ་ཡིན།།
ཕྱི་ལ་འགྲོ་ན་མཛའ་མོའི་རླངས་འཁོར་ཡོད།།
ནང་དུ་བསྡོད་ན་འཕྲུལ་བཟོས་ཟས་རིགས་མང་།།
ཕྱི་ལ་གོམ་པ་རྒྱག་དགོས་དཀའ་ངལ་མེད།།
ནང་ལ་ཟས་གོས་མི་འདང་སེམས་འཁྲལ་མེད།།
ཕྱི་ཡུལ་སྐྱིད་རབས་བཤད་ན་འདི་འདྲ་རེད།།
ཕྱི་ཡུལ་བཟང་རབས་བཤད་ན་དེ་འདྲ་རེད།།
ཡིན་ཡང་རང་དབང་ཟེར་བའི་ལྷོད་ལྷོད་དང་།།
མི་དང་མི་ཡི་བར་གྱི་འདུ་ཤེས་ཤིག།
ཉེ་དུ་གྲོགས་པོ་འཛོམ་ནས་དགའ་སྐྱིད་དང་།།
སེམས་དང་བསམ་པ་བསྲེས་ནས་གླེང་མོལ་དང་།།
གཅིག་གྲོགས་གཅིག་གིས་བྱེད་པའི་གོམ་གཤིས་སོགས།།
འདི་ན་བཙལ་ཡང་རྙེད་པ་རི་བོང་རྭ།།
སྐར་ཆའི་རྗེས་སུ་སེམས་ཀྱིས་མ་ཆོད་པར།།
སེམས་ཀྱི་རྗེས་ལ་ལུས་པོའི་མ་གཉོབ་པར།།
ཉིན་མཚན་མེད་པར་མི་ཚེ་ཐུང་ཐུང་དེ།།
རྟག་དུ་བྲན་གཡོག་བྱེད་པ་ཨ་རེ་སྐྱོ།།
(ཉིན་ཁ་ཤས་ཤིག་གི་རིང་ལ་གུང་གསེང་དུ་མཚོ་དམར་པོའི་འགྲམ་དུ་སོང་བ་ཡིན། དེར་འགྲོ་ཁར་མཛའ་མོའི་ང་ལ་རེ་སྐུལ་ཞིག་ཞུས་པ་དེ་ནི་ལག་ཁྱེར་གློག་ཀླད་མ་ འཁྱེར་རོགས། ང་ཚོ་སོང་ནས་ལྷོད་ལྷོད་ཅིག་བསྡོད་ཟེར་བའི་ངོ་གདོང་ལ་བལྟས་དེ་བཞག་པ་ཡིན། དོ་ནུབ་ཕྱིར་སླེབས་དུས་དངོས་ནས་ཐང་ཆད་ཡོད་ཀྱང་། དྲ་ཐོག་གི་གནས་ཚུལ་དག་ཤེས་འདོད་ཀྱིས་འདྲུད་དེ་འོང་བའི་སྙན་ངག་འདི་གཉོབ་སྣང་ དང་བཅས་དེ་བྲིས་པ་ཡིན།)
རྡོ་དབང་ལགས། མཛའ་མོའི་ངོ་དང་རྐུབ་ལ་བལྟས་ནས་སུ། །ལག་ཁྱེར་ཁ་པར་ལག་པའི་ནང་ནས་ཡལ། །
མཚོ་དམར་འགྲམ་དུ་ཁུ་ཁྲག་ཐིགས་པ་གཏོར། །གྲོགས་ཁྱོད་ཡིད་ཐང་ཆད་ལ་ཁག་ཅི་ཡོད། །
གཙང་ཁའི་བུ་ལགས།
ང་རྩོམ་འདི་དྲ་དེབ་འདིར་འགོད་མཁན་ཡིན། རྩོམ་འདི་རྩོམ་མཁན་ནི་ བོད ལྷ་ཀླུ་གཉན་གསུམ་ ལགས་རེད། དེ་མཁྱེན་པ་གནང་རོགས།
རྡོ་དབང་ལགས། དགོངས་དག ངས་ནོར་སྐྱོན་ཤོར་འདུག
ལྷ་ཀླུ་གཉན་གསུམ་བོད་དུ་གསོལ་མཁན་མང་། །ལྷ་ཀླུ་གཉན་གསུམ་བོད་དུ་འཚང་ཁ་ཆེ། །ལྷ་ཀླུ་གཉན་གསུམ་བོད་པའི་སྐྱབས་གནས་རེད། །ལྷ་ཀླུ་གཉན་གསུམ་ཕོག་ཐུག་གཏོང་མི་ཕོད། །
ལྷ་ཀླུ་གཉན་གསུམ་བོད་ལ་མང་བདེན་ན།།
ལྷ་ཀླུ་གཉན་གསུམ་བོད་མིས་ངོ་ཤེས་དགོས།།
ལྷ་ཀླུ་གཉན་གསུམ་རྟོག་པས་སྤྲོས་པ་དེས།།
ལྷ་ཀླུ་གཉན་གསུམ་མི་ཤེས་གཙང་ཁའི་བུ།།
དབང་འདུས་ལགས།
ལྷ་ཀླུ་གཉན་གསུམ་བོད་དུ་མང་བར་བདེན།།
ལྷ་ཀླུ་གཉན་གསུམ་རྟོག་པས་སྤྲོས་པ་རྫུན། །
ལྷ་ཀླུ་གཉན་གསུམ་བོད་མིས་གསོལ་བར་བདེན། །
ལྷ་ཀླུ་གཉན་གསུམ་མི་ཤེས་ཟེར་བ་རྫུན། །
ལྷ་ཀླུ་གཉན་གསུམ་རྟོག་པས་མ་སྤྲོས་ན།།
ལྷ་ཀླུ་གཉན་གསུམ་ཡོད་པར་ཅི་ལྟར་འགྲུབ།།
ལྷ་ཀླུ་གཉན་གསུམ་ཟེར་ཡང་ཆོས་ཀྱི་གཤིས།།
རང་ངོ་མ་འཕྲོད་སེམས་ཀྱི་འཆར་སྣང་ཞིག།
གཞན་ནས་གཞན་དུ་འགྲིམས་པའི་ཡུལ་གྱུར་བ།།
འཚོལ་སྙེགས་གོ་རིམ་ལྡོག་པའི་སྐབས་འཚོལ་བ།།
རླུང་བུས་དེད་པའི་སྟོན་མཇུག་སྡོང་ལོ་བཞིན།།
རང་ཚུགས་བརྟན་པོ་མེད་འདི་སྐྱོ་བའི་གཞི།།
ལས་དབང་འདི་འདྲ་ཞིག་གི་མཐོངས་འོག་ནས།།
ང་ཚོ་ད་དུང་ས་མཐའ་གང་དུ་འགྲོ།
ས་མཐའ་འདི་ཡི་ཕ་རོལ་ཕ་རོལ་ན།།
ང་ཚོའི་ཕ་ཡུལ་ཨེ་ཡོད་ཡུལ་གྱར་ཚོགས།།
དྲུད་ནས་དྲུད་དེ་གང་ས་གང་དུ་སླེབས།།
ད་ཡང་རྗེས་སུ་གང་དུ་འདྲུད་འགྲོ་མིན།།
བསམ་ན་བསམ་ཞིང་སྐྱོ་བའི་སྨུག་རྒྱུ་འདི།།
སྤྲིན་དང་རླུང་གི་བར་ན་བར་མེད་རྒྱུ།།
ཡུལ་གྱར་སྐྱེ་བོ་ཚང་མས་བསམ་བློ་ཐོངས།།
དབང་འདུས་ལགས།
ལྷ་ཀླུ་གཉན་གསུམ་རྟོག་པས་མ་སྤྲོས་ཀྱང་།།
ལྷ་ཀླུ་གཉན་གསུམ་ལུང་རིགས་གཉིས་ཀྱིས་གྲུབ།།
རང་ངོ་མ་འཕྲད་སེམས་ཀྱི་འཆར་སྣང་དེ། །
ཆོས་ཀྱི་གཤིས་སུ་སོང་བར་རྫུན་པ་ཉིད། །
གཤིས་ལུགས་མེད་དགག་གྲུབ་པ་བདེན་པ་ལས། །
གཤིས་ལུགས་རྫུན་པའི་ངོ་བོར་རྫུན་པ་ཉིད། །
ཀྱེ་མ། བོད་ཀྱི་ལྷ་ཀླུ་གཉན་གསུམ་ལས་དབང་འདི། །
རྒྱ་འདྲེ་ལངས་སྟེ་རང་ཡུལ་བོད་ནས་བསྐྲད། །
མཛེས་མ་ཡོང་སྟེ་སྨད་འཚོང་ཁང་དུ་དྲུད། །
གསར་བུ་འགའ་ཡིས་ལྗན་ལྗིན་གསེབ་ཏུ་དྲུད། །
དྲུད་ཅིང་དྲུད་ཅིང་གང་ས་གང་ལ་དྲུད། །
ད་ཡང་རྗེས་སུ་གང་སར་འདྲུད་བར་ངེས། །
བསམ་ཞིང་བསམ་ཞིང་སྐྱོ་བའི་སྡུག་བསྔལ་འདི།།
སྤྲིན་དང་རླུང་གི་བར་ན་མི་རྒྱུ་བར། །
ཡ་ཁོག་སྙིང་གི་ངོས་སུ་ཟུག་ནས་ཐལ། །
གཙང་ཁའི་བུ་ལགས། ང་ཚོ་དྲུད་དེ་ཚར་གྲབས་ཡོད།
སེམས་སྐྱ་མོ་དྲུད་དེ་གང་སར་གཡུགས།།
ལུས་འདོམ་བཀང་དྲུད་དེ་གང་སར་འབྱོར།།
ལུས་ཕྱི་ནང་ཁ་ཁར་དྲུད་ཐེངས་རེར།།
སེམས་འདི་ཡིས་དྲུད་སྟངས་བཤད་མི་ཚར།།
མཐོ་དཔོན་པོ་མིང་གྱིས་དྲུད་དེ་འགྲོ།
དམའ་འབངས་མི་སྒོར་གྱིས་དྲུད་ནས་ཚར།།
བར་ལྷ་ཀླུ་གཉན་གསུམ་ལྟོགས་ཀྱིས་དྲུད།།
དྲུད་དྲུད་པའི་མཐའ་མ་བྱེས་སུ་བཅར།།
བོད་གཞིས་ལུས་མི་སེར་རྒྱ་ཡིས་དྲུད།།
བྱེས་བཙན་བྱོལ་བོད་མི་ཕྱི་ནས་དྲུད།།
འབྱུང་མ་འོངས་བོད་འདི་རེ་བས་དྲུད།།
དོན་དམ་པའི་དྲུད་དེ་སྟོང་ལ་ཡོད།།
ང་འཁྱམས་པོའི་སེམས་འདི་གདོན་གྱིས་དྲུད།།
ཁྱེད་གཙང་ཁའི་བུ་འདི་ལབ་ཀྱིས་དྲུད།།
ང་ཁྱེད་གཉིས་འདྲུད་སྟངས་མི་གཅིག་པའི།།
བོད་སྤྱི་བའི་ལས་དོན་ཁ་ནས་དྲུད།།
རང་ལྟོ་གོས་ཞིག་གིས་སྔོན་ནས་དྲུད།།
སེམས་བསམ་པའི་ཚོར་བ་ནང་ནས་དྲུད།།
ལས་དབང་མེད་ཁྲེལ་དང་ངོ་ཚའི་དྲུད།།
བྱེད་འདོད་པ་ཐམས་ཅད་གཞན་གྱིས་དྲུད།།
སྨན་བུད་མེད་དངུལ་དང་ཡག་གིས་དྲུད།།
སྐྱེ་ཕོ་སར་སྟོང་འདང་རྫུན་གྱིས་དྲུད།།
བན་སེར་མོ་དུས་གསར་འཕྲུལ་གྱིས་དྲུད།།
བོད་ཁ་བའི་སྲོལ་རྒྱུན་སྙིགས་ལ་དྲུད།།
དྲུད་དྲུད་པའི་གཏམ་རྒྱུད་ཆེས་མང་ཡང་།།
བྲིས་བྲིས་ན་སེམས་པ་ན་རོག་རེད།།
ད་དེ་རིང་འདི་ནས་རེ་ཞིག་ལ།།
བཤད་ཚར་བའི་ཁུལ་བཅས་བཞག་པ་ཡིན།།