ཆོས་རྫོང་བསྟན་པ།
དུང་སེམས་རི་མོ་རྡོ་ལ་བརྐོས་ཀྱང་།།
དུས་ཀྱི་བསྐལ་བས་འཇིག་ཉེན་ཆེ་བ།།
མ་བྲིས་སེམས་ཀྱི་རི་མོ་འདི་ཉིད།།
སུ་དང་གང་གིས་གསུབ་ཐབས་མི་འདུག།
མཛེས་སྡུག་ལང་ཚོའི་མེ་ཏོག་འདི་ལ།།
སད་དང་བསེར་བའི་འཇིགས་པ་ཆེ་ལ།།
ཉམ་ཆུང་ལུས་ཀྱི་རྣམ་ཤེས་ཕྲ་མོ།།
ཚེ་རབས་ལས་ཀྱི་མགྲོན་པོ་གཅིག་བུ།།
དགའ་སྡུག་སྐྱོ་ཉམས་སྤྲིན་དང་འདྲ་བ།།
རླུང་བུས་དེད་པའི་སྐད་ཅིག་རེ་རེ།།
འགྱུར་བའི་ངང་ཚུལ་སེམས་ཀྱིས་མྱོངས་ཀྱང་།།
བསྒྱུར་དུ་མེད་པ་གཤིས་འདི་ལན་འདུག།
ལུས་ཀྱི་ཁ་དོག་ཅི་ལྟར་མཛེས་ཀྱང་།།
བྱ་རྒོད་ལྟོགས་པའི་ཟས་སུ་གྱུར་དུས།།
མི་རྟག་སྒྱུ་མའི་འཇའ་སྣེར་འཇུས་ཏེ།།
བར་དོའི་འཇིག་རྟེན་འགྲིམ་བཞིན་ལོས་ཡོད།།
གསོན་པའི་སྙིང་པོ་ལག་ཏུ་མ་ལོན།།
དོན་མེད་གཡེང་བའི་རླུང་ལ་བཞོན་ནས།།
ཁྱི་སྨྱོན་ནང་བཞིན་རྒྱུག་པའི་མཐའ་མ།།
གཤིན་རྗེའི་སྒོ་ཆེན་ཧོབ་སྟེ་རྡུང་ཡོང་།།
དཀར་ནག་ཉིན་མཚན་སྦྲེལ་བའི་མཚམས་སུ།།
མ་ཤི་གསོན་པོར་གནས་པའི་དུས་འདིར།།
ནང་སེམས་སྐྱིད་པའི་མེ་ཏོག་ཟིལ་བ།།
གཅེས་སུ་འོས་པ་དགེ་བའི་གྲོགས་ཡིན།།
གཞན་ལ་གནོད་པའི་ཡིད་ཀྱི་དུག་རླུང་།།
རྟག་ཏུ་གདུ་བའི་རླངས་པ་ནག་པོ།།
དྲན་ཤེས་རྒོད་པོའི་ཁ་གཅོད་བཟུང་ནས།།
འགོག་རྒྱུ་དེ་ཡང་ལས་ཀྱི་གཙོ་བོ།།
བསླུ་མེད་ལས་ཀྱི་ལམ་ཐིག་འདི་ལ།།
སོམ་ཉིའི་དྲ་བས་རྟག་ཏུ་སྦྲེལ་དུས།།
མ་ངེས་སེམས་ཀྱི་རྣམ་རྟོག་སྨྱོན་པར།།
བརྒོལ་བའི་འཐབ་འཛིང་རྒྱུན་དུ་བྱ་དགོས།།
༢༠༡༣ ། ༡༡ ། ༢༢ཉིན།
བོད་ཀྱི་རྩོམ་པ་པོ་འདི་ཚོས་ནུབ་གླིང་ལ་སླེབས་ན་སྙན་ངག་མང་པོ་སྐྱུག་གིན་འདུག ལེགས་པོ་རེད། ལེགས་པོ་རེད།
ཕྱི་གླིང་ཡུལ་ནས་སྙན་ངག་འབྲི་བ།།
སྐྱིད་པོར་བྱུང་ནས་བྲིས་པ་མ་རེད།།
འགྲོ་རོགས་འདུག་རོགས་གྲོགས་པོ་ཡག་ཤོས།།
སྙན་ངག་འདི་ལས་ལྷག་ཅིག་མེད་པས་རེད།།