རྫ་ཚེ་རིང་བཀྲ་ཤིས།
ང་ཁར་རྩང་ཉིན་གང་པོར་སིད་ནིས་གྲོང་ཁྱེར་དུ་ཡོད། ཕྱི་དྲོ་ལས་དོན་ཚོགས་འདུ་ཆུང་ཆུང་ཞིག་འཚོགས་ཚར་ནས་ཕྱིར་ནང་དུ་ཡོང་གྲབ་ཡོད་སྐབས། མི་ཁྲི་སུམ་ཅུའི་ཁྲོམ་སྐོར་གོམ་བགྲོད་ཆེན་པོ་ཞིག་དང་ལམ་ནས་ཐུག ང་ཡང་ཁོང་ཚོའི་རྗེས་ལ་གོམ་འགྲོས་ཀྱིས་གང་འཚམས་ཕྱིན། འདྲ་པར་ཡང་འགའ་ཞིག་བླངས་པ་ཡིན། ད་དུང་ངས་ཕྲིན་ཕྲན་གྱི་བར་སྟོང་དུ་ཡུལ་ངོས་ཀྱི་བརྙན་ཐུང་ངུ་ཞིག་དང་མཉམ་དུ་རྒྱ་ཡིག་གི་ལམ་ནས། ༼དོ་ནུབ་ཀྱི་སིད་ནིས་ཁྲོམ་གཞུང་། མི་ཚོགས་ནི་སའི་རྩི་ཤིང་ནམ་མཁའི་སྐར་ཚོགས་ལྟར་འདུག གོ་ཐོས་ལ་ཁྲི་བཅུ་གཉིས་(རྗེས་སུ་གསར་ལམ་ཁག་གིས་ཁྲི་སུམ་ཅུ་ཡོད་ཟེར)མཉམ་ཞུགས་བྱ་བཞིན་ཡོད་ཅིང་། མི་འདི་ཚོས་རྣམ་པ་མ་འདྲ་བའི་སྤྲོ་སྣང་གཞན་ཞིག་བསུ་བཞིན་འདུག ལོ་རྒྱུས་བསྐྱར་འབྲི་བྱེད་བཞིན་པ་དང་། དུས་རབས་ཀྱང་གསར་རྙིང་བརྗེ་བཞིན་འདུག ང་ཚོའི་ཇི་ལྟར་བྱས་ནས་རྦད་དེ་གསར་པ་ཡིན་པའི་ཚོགས་སྡེ་འདི་དང་ཕན་ཚུན་གོ་བརྡ་འཕྲོད་ཐུབ་པ་བྱ་དགོས། ང་ཚོའི་སེམས་ཀྱི་ནང་ལ་གྲ་སྒྲིག་ཡོད་དམ། ད་ནི་ཡོད་ཚད་ནས་ཡོད་ཚད་ང་ཚོའི་བསམ་པའི་ཡུལ་དུ་གང་ཡོད་པ་དེ་རེད་མི་འདུག་ཨང་། ༽ ཞེས་བྲིས་པ་ཡིན།
ངའི་སྐད་ཆ་འདིར་ཉམས་འུར་བའི་ཚོར་སྣང་གི་འུད་བརྗོད་ཅུང་ཟད་རེ་འདྲེ་ནའང་ཐང་མོད། དོན་ལ་གང་ལྟར་དེ་འདྲ་ཞིག་རེད། འོ་ན། འདུ་འཛོམས་ཆེན་པོ་དེ་འདྲ་ཞིག་སུ་ཞིག་གིས་བསྡུས་པ་རེད། བླ་མ་དང་དཔོན་པོ། ཡང་ན་གྲགས་སྐར་ཆེན་པོ་གང་རུང་ཞིག་གིས་བསྡུས་པ་རེད་དམ། མ་རེད། ཁོང་ཚོ་ཚང་མ་རང་འགུལ་གྱིས་ཡོང་བ་རེད། མི་འདི་དག་ས་ཆ་འདིར་ཡོང་བའི་མངོན་འདོད་ནི་ཆོས་ལུགས་ཀྱི་སྨོན་ལམ་མ་རེད། ཆབ་སྲིད་ཀྱི་འཐབ་རྩོད་མ་རེད། ལས་ཀ་མ་རག་པའི་དཀའ་ངལ་གྱིས་ཁྲོམ་གཞུང་དུ་ཐོན་པའང་མ་རེད། མངོན་འདོད་གང་ཞིག་བརྩོན་ལེན་བྱེད་པའི་ཞི་དྲག་གི་ངོ་རྒོལ་གྱི་རྦ་རླབས་ཀྱང་མ་རེད། ཁོང་ཚོས་ནི་རང་ཉིད་གང་ཡིན་པ་དེ་གཞན་ལ་གསལ་པོ་སྟོན་པའི་ཆེད་དུ་ཡིན་ཟེར། ཁོང་ཚོའི་ལས་འགུལ་འདི་སྤེལ་ནས་འདི་ལོ་ཐེངས་བཞི་བཅུ་པར་བསླེབས་སྐད། ཁོང་ཚོ་ས་གནས་འདིར། སྤྱི་ཚོགས་ཀྱིས་འདྲེ་ལྟར་དུ་ལྟ་ཡུལ་གྱི་ཚོགས་སྡེ་ཞིག་ནས་ཁྲིམས་ཀྱི་ངོས་ལེན་ཡོད་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་ཞིག་ཆགས་པའི་བར་གྱི་གཏམ་རྒྱུད་དེ་ཁོང་ཚོས་བསྐྲུན་འདུག དོ་ནུབ་འདིར་ཟུར་ནས་ལྟ་མཁན་དང་མཉམ་ཞུགས་བྱ་མཁན་ནི་སའི་རྩི་ཤིང་དང་ནམ་མཁའི་སྐར་ཚོགས་རེད། གསར་ལམ་ཁག་གིས་ཟེར་ན་སིད་ནིས་གྲོང་ཁྱེར་གྱི་གྲོང་དཔོན་ཆེན་མོ་ཡང་ཡུལ་དངོས་སུ་ཡོང་ཡོད་ཟེར། ལ་ོའདིའི་འབོད་སྒྲ་ནི་༼བཅོས་མ་མ་བྱེད། རང་ཉིད་གང་ཡིན་པ་དེ་གྱིས་ཤིག自然点,做自己 ༽ཅེས་པ་དེ་རེད།
རྒྱབ་ལོགས་ནས་སྔུན་ལོགས་ཀྱི་ཁྲོམ་གཞུང་མཐོང་དཀའ་བས་མི་མང་པོ་ཞིག་རང་གི་དགའ་རོགས་དང་གྲོགས་པོའི་གཉའ་བར་གཞོན་ནས་ལྟད་མོ་ཨེ་མཐོང་ལྟ། འགའ་ཞིག་གིས་ལམ་འགྲམ་གྱི་གློག་གི་ཀ་བ་སོགས་ལ་འཐམ་ནས་རྐང་པ་འཛུགས་ས་རག་ཙམ་གྱིས་ངལ་བ་འཛེམས་མེད་དུ་ལྟ། འགའ་ཞིག་ནི་ཤིང་སྡོང་གི་ཡལ་གར་འཛེགས་ནས་ལྟ། གཡས་གཡོན་གྱི་ཁང་པ་དང་ཁང་ཆེན་དག་གི་སྒོ་དང་སྒེའུ་ཁུང་ཡོད་ཚད་ནི་འཇའ་ཚོན་གྱི་དར་ཆ་དང་མི་ཚོགས་ཀྱིས་ཡོངས་སུ་ཁེངས། མ་གཞི་ཁོང་ཚོ་ནི་མགོ་མཁྲེགས་ཐག་ཆོད་པའི་ཡེ་ཤུའི་ཆོས་ལུགས་པ་དང་། སྲོལ་རྒྱུན་རིག་གཞུང་གི་ལྟ་བ། སྤྱི་ཚོགས་ཀྱི་མནོན་ཤུགས་གང་གིས་ཀྱང་ཡ་ཟིན་མ་ཐུབ་པར་ད་ཆ་རྒྱལ་ཁབ་ཀྱིས་ཁྲིམས་མཐུན་དུ་ངོས་ལེན་ཐོབ་པའི་མཚན་མཐུན་གྱི་ཚོགས་སྡེ་ཟེར་བ་དེ་རེད། ཁོ་ཚོ་ནི་བུ་བུ་དང་བུ་མོ་བུ་མོ་ལ་དགའ་རོགས་དང་གཉེན་སྒྲིག་བྱེད་མཁན་རེད། སྤྱི་ཚོགས་ཐོག་གི་མཚན་མཐུན་གཉེན་སྒྲིག་གི་དྲང་ལྡོག་གི་ཤུགས་རྐྱེན་དང་མཇུག་འབྲས་ལ་ངས་དེ་རིང་དབྱེ་ཞིབ་བྱ་རྩིས་མེད། ལར་རང་རེའི་གཞུང་ལུགས་དུ་མཚན་མཐུན་ནི་སྐྱེས་པ་ལྟ་བུའི་བུད་མེད་ཅེས་སོགས་མ་ནིང་གི་རིགས་སུ་བགྲངས་ཡོད། སྔར་སྤྱི་ཚོགས་ཐོག་དེ་འདྲའི་མངོན་ཚན་ཆེན་པོ་མེད་ལ། གྲངས་འབོར་གྱི་ཆ་ནས་ཀྱང་ཉུང་ཉུང་རེད། ད་ཆ་དེ་འདྲ་མང་པོ་ཞིག་ཆགས་པ་དེར་གཞོན་སྐྱེས་མང་པོ་ཞིག་གཞན་གྱི་ཤུགས་རྐྱེན་འོག་དུས་ཚོད་ཉི་ཚེ་བའི་ནང་གི་དར་སོ་གསར་པའི་རིགས་ལ་གཡམ་རྒྱུག་བྱེད་པའི་སྤྱོད་ཚུལ་ཡང་ངེས་ཅན་ཞིག་ཡོད་སྲིད། བུ་མོ་འགའ་ཞིག་བུ་ལ་ཆགས་པ་མེད་པ་མིན་ན་ཡང་། ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཞིག་གིས་བུ་མོ་དང་དགའ་རོགས་བྱེད་པ་སྟབས་བདེ་སོགས་ཀྱི་འདེམས་ཀ་ཡང་ཡོད་པ་རེད། གང་ལྟར་དོ་ནུབ་ངས་གཙོ་བོ་ཚོགས་སྡེ་འདིའི་ལེགས་ཉེས་ཀྱི་ཆ་ནས་བཤད་རྩིས་མེད་ལ། འདིའི་སྤྱི་ཚོགས་ཀྱི་གཞི་རྩའི་སྒྲོམ་གཞི་ལ་ཤུགས་རྐྱེན་ཐེབས་སྟངས་ཀྱི་ཆ་ལ་ཐད་ཀར་གང་ཡང་བཤད་རྒྱུ་མིན། ཡིན་ན་ཡང་སྣང་ཚུལ་འདིས་ང་ཚོ་ལ་ཕྱོགས་མང་པོ་ཞིག་ལ་བསྐྱར་དུ་བསམ་བློ་གཏོང་དགོས་པ་བཟོས་ཡོད་ལ། སྲོལ་རྒྱུན་རྙིང་ཞེན་གྱི་ལྟ་བའི་ངོས་ནས་བརྗོད་ན་སྟབས་མ་ལེགས་ན་ཉེན་བརྡ་ཞིག་ཏུའང་འགྱུར་སྲིད།
དེ་ཡང་དུས་རབས་ཉི་ཤུ་རྩ་གཅིག་པའི་མིའི་བསམ་བློ་གཏོང་སྟངས་མང་པོ་ཞིག་དང་། ལས་ཀ་ལས་སྟངས་མང་པོ་ཞིག་རྦད་དེ་ང་ཚོའི་བསམ་ཡུལ་ལས་འདས་པ་ཞིག་རེད་འདུགཁོང་ཚོ་ནི་འདི་ལྟར་ཚམ་ཚོམ་མེད་པར་རང་རང་གིས་བདམས་པའི་ལམ་ལ་སྐྱོད་ངེས་རེད་འདུག ཁོང་ཚོས་རང་གི་ལྟ་བ་དང་དགའ་ཕྱོགས་ཁུར་ནས་འགྲོ་ངེས་རེད་འདུགདེ་ཙ་ན་ང་ཚོའི་གལ་ཏེ་ཁོང་ཚོའི་བསམ་བློ་གཏོང་སྟངས་དང་རིན་ཐང་གི་ལྟ་བ་ལ་ཁ་ཡ་མ་བྱས་ན་ང་ཚོ་དང་ཁོང་ཚོ་ལམ་ཁ་གཉིས་སུ་གྱེས་རྒྱུ་རེད་འདུགཡེ་ཤུ་པ་ཚོས་ལྷ་ཆད་ཀྱི་ནང་ན་ཕོ་མོ་དང་། མོ་ཕོ་སྟེ་ཕན་ཚུན་དགའ་པོ་བྱས་ན་འགྲིག་པ་ལས། ཕོ་ཕོ་དང་མོ་མོ་ལ་དགའ་བོ་བྱེད་པ་འདི་གཙོ་བོའི་དགོངས་པ་དང་འགལ་ཞེས་ཟེར་ནས་རྒོལ་དུ་བྱུང་སྐབས། ཁོང་ཚོས་དེ་ལ། ང་ཚོ་བཟོ་མཁན་གྱི་གཙོ་བོ་དེས་ག་རེ་བྱས་ནས་ང་ཚོའི་དགའ་ཕྱོགས་དང་གནས་སྟངས་ལ་བསམ་ཤེས་མི་ཐུབ་པ་རེད། གཙོ་བོའི་བྱམས་བརྩེ་དེ་ནམ་མཁའ་དང་ས་གཞི་ལྟ་བུ་ཞིག་ཡིན་ན། ག་རེ་བྱས་ནས་ཁྱོད་ཚོ་ཁོ་ནའི་ཕྱོགས་སུ་ལྷུང་བ་རེད། ཅེས་ལན་འདེབས་ངེས། མ་གཞི་ནང་པས་ནི་འདིའི་ཕྱོགས་ལ་ཐལ་ཆ་ཆེ་བའི་ངོ་རྒོལ་དེ་འདྲ་ད་བར་བྱས་མི་འདུག་ལ། གལ་ཏེ་བྱས་ཀྱང་ལམ་ལྷོང་ཡོང། མིན་ནི་ཅིས་ཀྱང་བཤད་དཀའ་བ་ཞིག་རེད། སྲོལ་རྒྱུན་རིན་ཐང་གི་ལྟ་བའི་ངོས་ནས་རྒོལ་ནའང་དེ་དང་གཅིག་པ་རེད། སྐབས་དེར་སུ་ཞིག་ནི་ཕམ་ཁ་ཁུར་མཁན་ཡིན་ནམ།
སུ་ཞིག་ནི་རང་ཉིད་དུས་རབས་ཀྱི་བས་མཐའ་ལ་ཡིབས་ནས་འདུག་རྒྱུ་ཡིན་ནམ། ང་ཚོས་འདི་དག་ཚང་མ་ལ་ཡང་བསམ་བློ་མ་བཏང་ཐུ་མེད་དུ་གྱུར་ཡོད། ང་ཚོའི་རང་གི་རིག་གཞུང་དང་ཆོས་ལུགས་ཀྱི་ཁ་འཛིན་བྱེད་ཤེས་པ་ཙམ་ཞིག་མ་ཡིན་པར། ཆོས་དང་རིག་གཞུང་འདི་མི་རབས་ཕྱི་མ་དང་ཕྱི་མ་དག་ལ་མུ་མཐུད་བརྒྱུད་སྤྲོད་བྱ་དགོས་ན་ང་ཚོས་ག་འདྲ་བྱས་ན་བཟང་ས་རེད། མདུན་ལྗོངས་ཐག་རིང་པོའི་ཆེད་དུ་འཕྲལ་གྱི་ན་ཟུག་བསྲན་ཐུབ་པ་ཞིག་དགོས། ངས་བསམ་ན། ང་ཚོ་དང་དུས་རབས་གསར་པའི་མི་འདི་དག་གི་བར་ལ་ངེས་པར་དུ་ཞི་མོལ་གྱི་ཁོར་ཡུག་ཅིག་སྐྲུན་དགོས་ངེས་རེད། ཐུན་མོང་གི་གཞི་རྟེན་ཞིག་འཚོལ་དགོས་ཀྱི་རེད། མ་གཞི་ངས་བོད་ཀྱི་སྤྱི་ཚོགས་སུ་ད་ལྟའི་ཆར་མཚན་མཐུན་གྱི་གནས་སྟངས་དེ་ཛ་དྲག་གི་གནད་དོན་ཞིག་ཏུ་མཐོང་གིན་མེད། མ་མཐའ་ཡང་ད་ལྟའི་ཆར་དེ་འདྲ་རེད། མ་ཟད། རང་ངོས་ནས་ཀྱང་མཚན་མཐུན་གྱི་བྱ་སྤྱོད་དང་སྤྱི་ཚོགས་ལ་སྐུལ་ལྷོང་བྱེད་སྟངས་མང་པོ་ཞིག་ལ་ངོས་ལེན་བརྒྱ་ཆ་བརྒྱ་ཡོད་དམ་ཟེར་ན་དེ་ཡང་མེད།
འོན་ཀྱང་། ངས་ད་ཆ་བཤད་བཞིན་པ་དེ་ང་ཚོ་སྒེར་རེ་རེའི་ངོས་ནས་མཚན་མཐུན་གྱི་ཚོགས་སྡེ་ངོས་ལེན་ཡོད་མེད་དང་། བོད་ལ་འདིའི་ཐད་དངོས་ཡོད་ཀྱི་དཀའ་ངལ་ཡོད་མེད་དེ་མ་རེད། འོ་ན་གང་རེད་ཟེར་ན། ང་ཚོའི་གནས་སྟངས་འདི་རིགས་ཀྱི་ཐོག་ནས་མི་རབས་གསར་པ་དག་གི་རང་ཤེད་ཚ་བའི་བསམ་བློའི་རླབས་རྒྱུན་དེ་ཚོར་དགོས་ཀྱི་ཡོད། གལ་ཏེ་ང་ཚོས་ཁོང་ཚོ་བློས་གཏོང་དང་སྣང་མེད་བྱས་པ་ཡིན་ན། ནམ་ཞིག་ང་ཚོ་དང་ང་ཚོའི་བསམ་བློ་ཕལ་ཆེར་ལོ་རྒྱུས་སུ་འགྱུར་གྱི་རེད། དེ་ནི་རང་ཤི་རྒྱག་པ་དང་འདྲ། དེ་བས་ང་ཚོས་ད་ལྟ་ནས་ཁོང་ཚོའི་བསམ་ཕྱོགས་ལ་དོ་སྣང་སྔར་ལས་མང་བ་སྤྲོད་དགོས།
ངས་གོ་ཐོས་ལ་བོད་ནང་དུ་བོད་ཀྱི་བླ་མ་འགའ་རེས། ད་དུང་ཡང་ན་གཞོན་ཞིག་གིས་དེང་དུས་ཀྱི་སྐྲ་འཇོག་སྟངས་བྱས་པ་ཙམ་རེ་གཟིགས་ནའང་དེ་ནི་ཀླ་ཀློ་དང་འདྲེ་ཡི་སྤྱོད་པ་ཡིན་པའི་ངོས་འཛིན་བྱེད། བཀའ་བཀྱོན་ཞིང་ཚར་གཅོད། གཅིག་བྱས་ན། དེ་ཚོའང་གནས་སྐབས་གནས་སྐབས་འགྲིག་པ་ཞིག་ཡིན་སྲིད། ཡིན་ན་ཡང་ནམ་ཞིག་ཁོང་ཚོ་ང་ཚོའི་གམ་ནས་ཕྱིན་པ་ཡིན་ན། ཁོང་ཚོས་ཁོང་ཚོའི་ལམ་ཁ་གཞན་ཞིག་བསྙེགས་པ་ཡིན་ན། དེའི་དུས་སུ་ང་ཚོས་སུ་ལ་བཀའ་བཀྱོན་བྱེད། ང་ཚོ་ལ་བཀའ་བཀྱོན་དང་དགག་པ་རྒྱག་སའི་ཡུལ་ཙམ་ཡང་ལྷག་གི་མ་རེད། དེ་བས་ད་ལྟ་ནས་ཕྱོགས་གཉིས་སུ་མ་གྱེས་པའི་ཐུན་མོང་གི་ལམ་ཁ་ཞིག་གི་ཆེད་དུ་བསམ་བློ་གཏོང་རྒྱུའི་དུས་ལ་བབ་ཡོད། དེའི་རྩ་བའི་གནད་འགག་ཅིག་ནི། བོད་ལ་མཚོན་ན། ཆོས་དང་རིག་གཞུང་གི་སློབ་སྟོན་གནང་མཁན་དག་གི་གཟིགས་རྒྱང་རྒྱ་བསྐྱེད་གནང་ཐུབ་མིན་དང་འབྲེལ་བ་ཆེན་པོ་ཡོད། འོན་ཀྱང་། ད་དུང་ཡིན་ན་ཡང་། བཟང་ཕྱོགས་ཀྱི་རེ་བ་གཏན་ནས་མེད་པའང་མ་རེད། ཕལ་བལྟས་ཚོད་ལ། དེང་རབས་ཀྱི་རིག་གནས་དང་སེམས་ཁམས་ཀྱིས་སྲོལ་རྒྱུན་གྱི་སྣང་ཚུལ་མང་པོ་ཞིག་ལ་གདོང་ཐུག་ངེས་པར་དུ་རྒྱག་ངེས་ན་ཡང་། མི་རབས་གསར་པ་ཁོང་ཚོའི་ཕྱི་ཚུལ་གྱིས་ང་ཚོ་ལ་ཞེད་སྣང་སློང་སྲིད་ན་ཡང་། ཁོང་ཚོ་ལའང་འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་རིན་ཐང་གི་ལྟ་བ་བཟང་པོ་དེ་ཚོ་མུ་མཐུད་དགོས་མཁོ་ཡོད་ངེེས། མ་མཐའ་ཡང་དེ་འདྲའི་བསམ་བློ་དང་ངོས་འཛིན་ཡོད་མཁན་ཧ་ཅང་མང་།
ཨ་རིའི་འགྲོ་བ་མིའི་གཞི་རྩའི་བདེ་དོན་དང་བདེན་དོན་ལ་ཐུགས་ཁུར་ཡག་པོ་གནང་མཁན་གྱི་འཛམ་གླིང་གི་བཞས་མ་ལེ་ཀྲིས་གཱ་གཱ་ནི་དེའི་ནང་གི་གཅིག་རེད། སྤྱིར་བཏང་གི་མི་ཞིག་གིས་ཁོང་མོའི་སྐྲ་འཇོག་སྟངས་དང་གྱོན་པ་གྱོན་སྟངས་ཙམ་མཐོང་ན་ཕལ་ཆེར་ཞེད་ནས་བརྒྱལ་ལ་ཁད་བྱེད་ངེས་རེད། མང་པོ་ཞིག་གིས་ཁོང་མོ་ནི་སྨྱོན་མ་རང་ལ་རྩི། འོན་ཀྱང་། ཁོང་གིས་རླབས་ཆེན་གྱི་དམ་པ་དག་གི་དྲུང་ན་གུས་པ་ཆེན་པོས་ཞི་བདེ་ལ་དགའ་བའི་གཏམ་གླེང་གནང་དུས། རྙེད་པ་དང་བཀུར་སྟི་མང་པོ་ཞིག་བློས་བཏང་ནས་འགྲོ་བ་མིའི་གཞི་རྩའི་རིན་ཐང་གི་ཆེད་དུ་མདུན་ལ་ཐོན་ནས་སེམས་ཁུར་བྱེད་དུས། སྐད་ཅིག་དེ་མ་ཉིད་དུ་ང་ཚོའི་སྒྱིད་པ་མཉེན་མོ་ཆགས་སུ་འཇུག་གི་རེད། ང་ཚོ་ལ་སེམས་འགུལ་གྱི་མིག་ཆུ་གཏོང་དུ་འཇུག་གི་རེད། དེ་ནི་ངེས་པར་ཞིབ་འདང་རྒྱག་དགོས་ས་ཞིག་རེད། ད་དུང་ང་ཚོར་རེ་བ་རྒྱག་ས་གཅིག་ཡོད། དེ་ནི་སྤྱི་ཚོགས་ཀྱི་མི་གསར་པ་འདི་དག་གི་ཕྱིའི་རྣམ་པ་ག་འདྲ་ཞིག་སྟོན་མིན་ལ་མ་ལྟོས་པར། འགྲོ་སྟངས་ལས་སྟངས་མང་པོ་ཞིག་རྦད་དེ་སྤྱི་ཚོགས་ཀྱི་ལྡོག་ཐབས་སུ་ཤར་སྐྱོད་བྱེད་པ་ལྟར་སྣང་ན་ཡང་། ཁོང་ཚོ་ལའང་ཆེས་ཐ་མའི་ངལ་གསོ་ས་ཞིག་དགོས་ངེས་ཡིན། ཤེས་རབ་དང་བརྩེ་བ་ལ་ཁོང་ཚོས་ཀྱང་ཡིད་ཆེས་བྱ་ངེས་རེད། སེམས་ཁུར་དང་རོགས་རེས་ལ་ཁོང་ཚོས་ཀྱང་དང་དོད་བྱ་ངེས་རེད། དེ་ཙ་ན། ང་ཚོས་ཁོང་ཚོ་དང་གཞི་མཐུན་གྱི་བརྗོད་གཞི་འགའ་རེ་རྙེད་སྲིད་པ་རེད།
དུས་རབས་ཉི་ཤུ་པའི་མཇུག་གི་ཨ་རིའི་ཆབ་སྲིད་ལམ་ལུགས་དང་དམག་འཁྲུགས་ལ་ངོ་རྒོལ་བྱེད་པའི་ཧིབ་བྷིས་རིང་ལུགས་ཀྱི་མི་མང་པོ་ཞིག་ཟུར་མང་དྲུང་པ་རིན་པོ་ཆེས་ཡེ་ཤེས་སྨྱོན་པའི་གསོས་སྨན་གྱིས་བསྐྱབས་པའི་དངོས་བྱུང་གི་ལོ་རྒྱུས་དེས་ཀྱང་སངས་རྒྱས་ཀྱི་ཤེས་རབ་དང་བརྩེ་བ་དེ་རིག་གཞུང་དང་ཐ་སྙད་བྱེ་བྲག་པའི་ཕྱི་ཐུམ་དང་ཁ་བྲལ་ནས་རང་ཚུགས་ཐུབ་པའི་སྒོ་ནས་མིའི་སེམས་ཀྱི་ཟབ་སར་འཛུལ་ཐུབ་པ་ཞིག་ཡིན་པའི་བདེན་དཔང་ཞིག་རེད། མདོར་ན། འདི་ནི་ང་ཚོའི་ཆེས་ཐ་མའི་རེ་བ་རྒྱག་ས་དེར་འགྱུར་སྲིད། མ་གཞི་ང་ཚོའི་མི་རབས་འདིས་གདོང་གཏོད་དགོས་ས་དང་བསམ་བློ་མ་གཏོང་ཀ་མེད་ཀྱི་གནད་དོན་ནི་འདི་ཙམ་ཞིག་ཀྱང་ཀ་ལ་ཡིན་ཏེ། སའི་གོ་ལ་ཧྲིལ་པོའི་ཐོན་ཁུངས་ཀྱི་གནད་དོན་དང་། སའི་གོ་ལའི་ཚ་དྲོད་ཀྱི་འཕེལ་རིམ་དང་སྲིད་པའི་འཁྱག་རོམ་གྱི་གནད་དོན། མིའི་རིགས་ཀྱི་ཚན་རིག་གིས་འགྲོ་བ་མིའི་རིགས་ཀྱི་རྒྱུད་རྒྱུ་ལ་ཤུགས་རྐྱེན་བཟོ་བ་དང་བརྡ་འཕྲིན་དང་ལག་རྩལ་དར་འཕེལ་གྱིས་མིའི་རིགས་ལ་ཤུགས་རྐྱེན་ག་འདྲ་ཞིག་ཁུར་ནས་ཡོང་གིན་ཡོད་པ་དང་། ང་ཚོ་མི་མཐུད་ནས་གཏན་ནས་འཆི་མི་དགོས་པར་འདུག་ཆོག་པ་ཞིག་བཟོ་རྒྱུ་ཡིན་ནམ། གཏན་ནས་མི་གནས་པར་འགྲོ་དགོས་པ་ཞིག་ཆགས་རྒྱུ་ཡིན་སོགས་སྔར་ཡིན་ན་ང་ཚོའི་རྨི་ལམ་དུའང་རྨིས་མི་སྲིད་པ་དག་ཀྱང་ད་ལྟའི་དུས་ཀྱི་ང་ཚོའི་སེམས་ཁུལ་བྱ་ཡུལ་གྱི་ཁྱབ་ཁོངས་སུ་དངོས་སུ་འཛུལ་ཟིན་ཏོ།།
ཁར་རྩང་དང་། ཁར་ཙང་དང་། ཁར་སང་དང་། ཁ་སང་འདི་ཚོ་བོད་སྐད་དང་བོད་ཡིག་དག་མ་ཞིག་མ་མཐོང་བར།
དེ་དག་ཐམས་ཅད་ལ་གཅིག་གིས་འཐུས་པ་ནི། མདང་ཞེས་པ་འདི་རེད་འདུག
དཔེར་ན།
མདང་།
དེ་རིང་།
སང་ཉིན་
ཞེས། ཁ་ནས་ཟེར་བ་དང་། ཡིག་ཐོག་ཏུ་བྲིས་པ་གཉིས་ཀ་ལ་འཐད་པ་ནི་འདི་གཅིག་པུའོ།།
མཚན་མཐུན་གཉེན་སྒྲིག་ནི་དང་པོ་བོད་ཀྱི་ཆོས་ལུགས་པ་ཚོས་ལས་པ་རེད་ཟེར། བདེན་པ་འདྲ་འདུག་ཆོས་ལུགས་པ་འདི་ཚོ་ཕག་པ་དང་གཅིག་མཚུངས་རེད།
བོད་པ་ཀླད་སྟོང་མང་དྲགས་པའི་སྐྱོན་མི་འདུག་གམ། ལགས།