ངག་དབང་ཕུན་ཚོགས།
མཁྱེན་པའི་མངའ་བདག་འཇམ་དཔལ་དབྱངས།།
བརྩེ་བའི་བདག་ཉིད་སྤྱན་རས་གཟིགས།།
མཐུ་སྟོབས་བདག་པོ་ཕྱག་རྡོར་སོགས།།
བདག་གི་སྙིང་ནས་གསོལ་བ་འདེབས།།
ཕ་ཡུལ་འགྲོ་དགོས་བསམ་རུང་།།
ལ་མོ་གངས་ཀྱིས་བཟུང་སོང་།།
གངས་རི་མ་བཞུ་བར་དུ།།
ཐར་བའི་རེ་བ་མི་འདུག།
དྲིན་ཅན་ཨ་མ་གསུང་ན།།
མགྱོགས་པོ་ལོག་ཤོག་གསུང་བྱུང་།།
འོན་ཀྱང་ལས་དབང་བཙན་པོས།།
མི་ཡུལ་སྡོད་དགོས་ལས་རེད།།
བྱ་ཆེན་ཐང་དཀར་རྒོད་པོ།།
ང་ལ་གཤོག་རྩལ་གཡར་དང་།།
ཐག་རིང་ཡུལ་དུ་མི་འགྲོ།
ཕ་ཡུལ་སྐོར་ནས་ལོག་ཡོང་།།
ལྷ་བྱ་ཁྲུང་ཁྲུང་དཀར་མོ།།
མཁའ་ལ་ལྡིང་སྐོར་རྒྱབ་ཀྱིན།།
བྱ་གླག་སླེབས་ཐེངས་གཅིག་གིས།།
ལ་བྲོས་ལུང་བྲོས་བཟོས་སོང་།།
ཕ་ཡུལ་འགྲོ་དགོས་བསམ་ཡང་།།
ཕ་ཡུལ་ས་ཐག་རིང་སོང་།།
ཆུ་མོ་འཐུང་དགོས་བསམ་རུང་།།
ཆུ་མོ་ཁ་ཞིང་ཆེ་སོང་།།
རྒྱ་མཚོ་ཆེན་མོ་ནང་དུ།།
ཉ་སམ་ཡར་འཁྱུག་མར་འཁྱུག།
ཉ་མོ་འཁྱུག་གྲངས་མང་མང་།།
ཉ་འཛིན་རྒྱལ་པོས་འཛིན་འོང་།།
སྤང་གཤོང་བདེ་མོ་སྟེང་དུ།།
ཤ་བ་ཡུ་མོ་སླེབས་བྱུང་།།
རྩྭ་ལ་བཟའ་རྒྱུ་མེད་པས།།
རི་ལུང་རྙང་མས་རྒྱང་སོང་།།
མི་ཚོགས་མང་པོའི་དཀྱིལ་དུ།།
བུ་མོ་གཅིག་མཛེས་གཉིས་མཛེས།།
ང་རང་བློ་ལ་འཐད་པའི།།
བུ་མོ་གཅིག་ཀྱང་མི་འདུག།
བདེན་པ་ཨེ་གསལ་བསམ་ནས།།
ལོ་དང་ཟླ་བ་སྒུག་ཡིན།།
འོན་ཀྱང་སྔོན་ལས་བཙན་པོས།།
བདེན་པ་གསལ་དུས་མིན་འདུག།
གནམ་ཟླ་རིམ་གྱིས་རྫོགས་སོང་།།
སྡུག་བསྔལ་གསལ་དུས་མི་འདུག།
བླ་མ་དཀོན་མཆོག་གསུམ་གྱིས།།
ཡེ་ཤེས་སྤྱན་གྱིས་གཟིགས་དང་།།
ལ་མོ་རྒྱབ་དགོས་བསམ་ནས།།
ཨུ་ཚུགས་རྒྱབ་ནས་ཕྱིན་རུང་།།
ལུས་ཀྱི་དབང་པོ་ཉམས་ནས།།
ལ་མོ་ཕོག་ས་མ་རེད།།
སྟོན་ལྗང་ལོ་མ་སེར་པོ།།
རླུང་བུས་ལ་ལུང་འཁྱེར་སོང་།།
སྐྱིད་པའི་ཕ་ཡུལ་ཕྱོགས་སུ།།
འགྲོ་བའི་འདོད་པ་སྐྱེས་བྱུང་།།
རྟ་གཅིག་བཞོན་བསམ་ནས།།
རྟ་ལ་སྒ་ཆས་བསྟད་རུང་།།
ཁྲེལ་གཞུང་མེད་པའི་རྟ་ཕོས།།
རྡོག་པ་བརྒྱབ་ནས་གཡུག་བྱུང་།།
གནམ་ནས་ཉི་མ་ཤར་བྱུང་།།
དྲོད་སྐྱིད་ཉི་མ་ཤར་བྱུང་།།
བདག་གི་དྲིན་ཅན་ཕ་མ།།
ཡིད་ལ་ཡང་ཡང་འཁོར་བྱུང་།།
རི་བོ་ཆེན་པོའི་འདབ་ནས།།
རྒྱུག་ཆུ་དལ་གྱིས་འབབ་པ།།
སྐྱིད་པའི་ཕ་ཡུལ་ཡུར་ཆུ།།
ཡིད་ལ་ཡང་ཡང་འཁོར་བྱུང་།།
ལྗོན་ཤིང་མཐུག་པའི་གསེང་ནས།།
བྱ་རྣམས་ལྡིང་སྐོར་བརྒྱབ་ཀྱིན།།
སྡིག་ཅན་ཨ་ཕོ་ཁྲ་རྒན།།
ལྕང་མའི་གསེང་དུ་ཡིབ་འདུག།
མཛེས་པོ་ཨེ་བྱུང་བསམ་ནས།།
ཞིང་ལ་མེ་ཏོག་བཏབ་པས།།
བ་མོ་བཞག་ཐེངས་གཅིག་གིས།།
ཐམས་ཅད་སད་ཀྱིས་བཅོམ་སོང་།།
ནད་ཡམས་ངན་པ་འདི་ཡིས།།
ཐམས་ཅད་དཀའ་ངལ་བཟོས་སོང།།
སྐྱེ་བོ་འབུམ་ཕྲག་དུ་མ།།
ཚེ་སྲོག་དབང་མེད་འཕྲོག་སོང་།།
ཉམས་ཆུང་དུ་མ་ཞིག་ལ།།
ལས་མེད་སྤྲང་པོ་ཆགས་སོང་།།
འཛམ་གླིང་རྒྱལ་ཁབ་རྣམས་ལ།།
དཀའ་ངལ་ཚད་མེད་སྤྲད་སོང་།།
ཕྱི་ལོག་འཆམ་འཆམ་ཕྱིན་རུང་།།
ནད་ཡམས་ངན་པ་འདི་ཉིད།།
འགོ་དོགས་བློ་འཚབ་ངང་ནས།།
སེམས་ནང་ཞི་བདེ་མི་འདུག།
ཡེ་ཤུ་སྟོན་པའི་འཁྲུངས་སྐར།།
དུས་ཆེན་ཉིན་མོ་འདི་ལ།།
བློ་ཉེའི་གྲོགས་དཀར་ཡོངས་ལ།།
འཚམས་འདྲིའི་སྨོན་ཚིག་ཞུ་འོ།
བདག་གི་བློ་ཉེའི་གྲོགས་པོ་ཡོངས་ལ་ཡེ་ཤུའི་སྟོན་པའི་འཁྲུངས་སྐར་དུས་ཆེན་དང་ཕྱི་ལོ་གསར་ཚེ་ལ་འཚམས་འདྲི་གྲངས་མེད་ཞུ།
དེ་རིང་ཚེ་གྲངས་ཡག་ག །
ཡེ་ཤུའི་འཁྲུངས་ཚེས་རེད་འདུག །
ང་རང་སྐྱེས་ས་ཡག་ག །
མངའ་རིས་ཡུལ་དུ་སྐྱེས་འདུག །
ང་རང་ཚར་ས་ཡག་ག །
རྒྱ་བལ་ཡུལ་དུ་ཚར་འདུག
ང་རང་བསྡད་ས་ཡག་ག །
ཡོ་རོབ་ཡུལ་དུ་བསྡད་ཡོད། །
ང་རང་ལོག་ས་ཡག་ག །
བོད་ཡུལ་ལོག་ས་མི་འདུག །
དེ་ནི་ང་རང་སེམས་ཀྱི། །
གཅོང་སྒྲའི་སྡུག་བསྔལ་དེ་རེད། །