ཡ་མ་ཚེ་རིང་།
ཀ་བ་བུམ་པ་ཁོ་ནས་ཕན་ཚུན་དུ། །
ཁ་ཤགས་བཀྱེ་བའི་རིགས་ལམ་སྐམ་པོ་དེར། །
ག་ལེར་བློ་རྩེ་ནང་དུ་གཏད་པའི་ཚེ། །
ང་རྒྱལ་བསྐྱེད་པའི་རྒྱུ་ལས་ཅི་ཞིག་འདུག །
ཅ་ཅོ་ཚིག་རྩུབ་ལ་སོགས་མི་དགེ་བ། །
ཆ་བའི་རིགས་ལམ་སྦྱངས་པའི་འབྲས་བུ་ན། །
ཇ་དང་གཉིད་བཅག་ངལ་བ་དོན་ཆུང་བས། །
ཉ་སུག་བརྐྱངས་ནས་བཞུགས་ན་མི་ལེགས་སམ། །
ཏ་ཀུ་ཡོད་མེད་ཉམས་མྱོང་རྒན་པོའི་དྲུང་། །
ཐ་སྙད་ཤེས་བྱ་ཇི་ཙམ་བསླབས་ན་ཡང་། །
ད་ལྟའི་རང་གི་སེམས་ལ་མ་ཕན་ཚེ། །
ན་བཟའ་ངུར་སྨྲིག་གྱོན་ཡང་མཚར་ཅི་ཡོད། །
པ་ཏྲའི་རིས་སུ་འཁྱོགས་པའི་ངང་རྒྱུད་དེ། །
ཕ་གིར་སྣང་མེད་ཆོས་ཀྱི་རྣམ་གྲངས་ཤིག །
བ་རྫི་ཡན་གྱིས་གསོག་པ་ལྷུར་ལེན་དེ། །
མ་ཎི་འདོན་པའི་ནོ་ཙོའི་སྤུན་ཟླ་ཡིན། །
ཙ་ར་སྡང་ཞེན་རྨོངས་པས་བསླད་པ་ཡི། །
ཚ་གྲང་ངལ་དུབ་སྐུ་ཤ་ཐང་ཐང་གིས། །
ཛ་ཡའི་བསྟན་ལ་བརྩོན་པའི་བྱ་བ་ཀུན། །
ཝ་ལེར་ཞུས་ན་དགེ་མེད་སྡུག་བསྔལ་ལོ། །
ཞྭ་གོས་ལྷམ་མདོག་གཞན་དུ་བསྒྱུར་བ་ནས། །
ཟ་འགྲམ་རུས་པ་ས་ལ་མ་འཐོར་བར། །
འ་འུར་རྩོད་པ་ཁོ་ནས་འདའ་བ་དེ། །
ཡ་རབས་གོམས་པའི་དོན་དུ་མ་ཡིན་ནམ། །
ར་རིས་སྤྲིན་གྱིས་དག་པའི་ཟླ་འོད་བཞིན། །
ལ་ལུང་ཀུན་གྱི་མིག་ཏུ་མ་གྱུར་ཀྱང་། །
ཤ་ཁྲག་སྒྱུ་མའི་ལུས་འདི་འདོར་བའི་ཚེ། །
ས་འོག་མུན་བར་མི་གཏོང་ཇུས་ཤིག་གལ། །
ཧ་ཅང་ཤ་ཚའི་གཏམ་གྱི་ནོར་བུ་འདི། །
ཨ་ཁུ་རྣམ་པའི་སྙིང་གི་སྒམ་དུ་ཆུག །
ཧ་ཧ་ཀུ་རེ་ཡིན་ཞེས་མ་ཞུས་ན། །
ཨ་མའི་བུ་ཚོ་དགོངས་པ་ཚོམ་ལས་ཆེ། །
ཀ་བ་བུམ་པ་དཔེ་རུ་བཟུང་ནས་ནི། །
ཁ་ལྕེ་སྨྲ་བདེའི་རྟགས་གསལ་རིགས་ལམ་གྱིས། །
ག་ལེར་བློ་རྩེ་ནང་དུ་གཏད་འགྱུར་ན། །
ང་དང་ཁྱེད་ཀྱི་ལོ་རྟོག་བསལ་བར་འགྱུར། །
ཀ་བ་བུམ་པ་རྩོད་དུ་ཕྱིན་སོང་ན།
ཁ་ལ་ཟ་རྒྱུར་སྡུག་ཞིག་མི་ཡོང་ཟེར།།
ག་དུས་ཤི་ན་དམྱལ་བ་མི་མྱངས་ཟེར།
ང་ཚོའི་ཨ་ཁུ་ཞིག་གིས་དེ་ལྟར་གདམས།
ཅ་ཅོ་རྣམ་གཡེང་དག་པའི་དགོན་པ་རུ། །
ཆ་ཡོད་རང་སེམས་གཞན་དུ་མ་བཏང་བར། །
ཇ་ཐུག་ངན་ངོན་ཙམ་གྱིས་འཚོ་བཏུབ་ཚེ། །
ཉ་བ་རྒན་པོའི་ལས་དང་བསྡུར་ཐབས་བྲལ། །
༧ཏ་ལའི་བླ་མས་ཅི་གསུངས་རྩི་ཐུབ་ན།
ཐ་ཐོར་གང་ན་ཡོད་པའི་བོད་དགེ་ཚོ།།
ད་ལྟ་ད་ལ་སངས་རྒྱས་མ་ཐོབ་རུང་།།
ན་བ་འཆི་བ་སླེབས་དུས་སྐྱིད་པ་ལ།།