དགེ་བཤེས་བློ་བཟང་དཔལ་ལྡན་གྱིས་ཨོ་གླིང་ནས།
རི་རབ་ལྷུན་པོ་རླུང་གིས་སྤུར་མི་སྲིད།།
རྒྱ་མཚོ་ཆེན་པོ་མེ་ཡིས་ཚིག་མི་སྲིད།།
ཆོལ་གསུམ་བོད་མིའི་དམ་ཚིག་འཐོར་མི་སྲིད།།
བདེན་དོན་རྩོད་པའི་དཔུང་སྡེ་འཐོར་མི་སྲིད།།
ཅེས་རང་སེམས་གསོ་བའི་ཚིགས་སུ་བཅད་པ་གཅིག་གིས་མདུན་བསུས་ཏེ། འདིར་རང་གི་སྙིང་གཏམ་མདོར་བསྡུས་ཤིག་བཤད་པར་འདོད་དེ། དེ་ཡང་སྤྱི་ལོ་དུས་རབས་སྔོན་མའི་དུས་དཀྱིལ་ཙམ་ནས་རང་ས་ཡོངས་རྫོགས་དགྲ་ལག་ཏུ་ཤོར་ཞིང་། མི་རིགས་དང་རྒྱལ་ཁབ་ཀྱི་བདག་དབང་གཏན་དུ་ཡལ་ཏེ། གཞན་ཡུལ་མི་གྱར་ཐབས་མེད་ཀྱི་གནས་སྟངས་འདི་བྱུང་བ་ཡིན་ལ། འདས་པའི་ལོ་ངོ་ཇི་སྙེད་ཀྱི་
རིང་ལ་གཞན་གྱི་གཉའ་གནོན་དང་མཐོང་ཆུང་། ཟུར་འབུད། སྡིག་སྨོད་སོགས་དཀའ་ངལ་གྲངས་ལས་འདས་པར་གདོང་གཏད་དེ། ས་ཆ་གཡར་མའི་སྟེང་དུ་མི་རིགས་ཀྱི་བདག་དབང་སླར་གསོ་ལ་དམིགས་པའི་སྐྱབས་བཅོལ་སྲིད་གཞུང་དང་། སློབ་གྲྭ། ཆོས་སྡེ་སོགས་ཕུགས་རྒྱང་རིང་པོར་དམིགས་པའི་བྱ་བ་རླབས་ཆེན་པོ་བསྒྲུབས་དང་སྒྲུབ་བཞིན་ཡོད་ལ། ལྟོས་འཇོག་གིས་བཤད་ན་གྲུབ་འབྲས་གཡུར་དུ་ཟ་བ་ཐོན་ཡོད། སྐྱབས་བཅོལ་གྱི་ལོ་རྒྱུས་ནང་ལས་དོན་རླབས་ཆེ་བ་ཧ་ཅང་མང་པོ་སྒྲུབ་པའི་ཁྲོད། ཆབ་སྲིད་དང་ཐད་ཀར་འབྲེལ་ཞིང་། མ་འོངས་པར་དམིགས་པའི་ལས་དོན་རླབས་པོ་གཅིག་ནི། དམངས་གཙོའི་ལམ་ལུགས་གསར་འཛུགས་གནང་བ་འདི་ཡིན། བོད་མི་སྐྱབས་བཅོལ་བས་རང་གི་དབུ་ཁྲིད་འོས་བསྡུས་ལམ་ནས་བསྐོ་བཞིན་པའི་གསར་འགྱུར་ཙམ་གྱིས་ཀྱང་རྒྱ་ནག་ལ་ཟུར་ཟ་ཆེན་པོ་ཞིག་ཐེབས་ཀྱི་ཡོད་ལ། སྐབས་རེ་རེ་བཞིན་བོད་མིའི་འོས་བསྡུ་ཆེན་མོ་ནི་འཛམ་གླིང་དམངས་གཙོའི་གསར་འགྱུར་ནང་གོ་བབས་ངེས་ཅན་ཞིག་ཡོད།
ལྷག་པར་དུ། ད་ལྟ་འཛམ་བུ་གླིང་དུ་དམངས་གཙོའི་ལམ་ལུགས་དང་། སྲིད་དབང་སྒེར་སྡོམ་གཉིས་ཀྱི་འགལ་བ་ཉིན་རེ་བཞིན་ཛ་དྲག་ཏུ་འགྱུར་བཞིན་པའི་གནས་སྟངས་ལ་དཔག་ན་ཡང་། ང་ཚོའི་རང་རེའི་དམངས་གཙོའི་ལམ་ལུགས་ཡང་དག་པར་སྐྱོང་བ་དང་། སྐྱབས་བཅོལ་བའི་སྒྲིག་འཛུགས་ཀྱི་ནུས་པ་སྲ་བརྟན་དུ་འཛིན་དགོས་པ་ནི། གཡོལ་ཐབས་མེད་པའི་ལས་འགན་ཆེ་ཤོས་དེ་ཡིན། བཙན་བྱོལ་དུ་ཡོད་པའི་བསམ་ཡོད་ཆོལ་གསུམ་བོད་མི་རྣམས་ཀྱིས་ཀྱང་མགོ་རུལ་བ་སྣ་ཡིས་མ་ཚོར་བའི་བརྟུལ་ཞུགས་མི་འཛིན་པར་༧ གོང་ས་ཡིད་བཞིན་ནོར་བུ་མཆོག་དང་། སློབ་དཔོན་ཟམ་གདོང་རིན་པོ་ཆེ་གཙོས་ཐབས་ཤེས་དང་ལྷག་བསམ་གྱིས་ཕྱུག་པའི་རྒན་རབས་བྱས་པ་ཅན་རྣམས་ཀྱི་བཀའ་སློབ་ལམ་སྟོན་ལ་ཤར་སྐྱོད་དང་། བཅའ་ཁྲིམས་ཀྱི་ཚིག་རིས་བཞིན་ལག་ལེན་དུ་བསྟར་ན། བཅའ་ཁྲིམས་ལ་གསལ་ཁ་མེད་པའི་དཀའ་ངལ་ཆེར་མི་འདུག་པས་རང་འདོད་ཕྱོགས་སློང་གི་དབང་གིས་གཡག་ཞར་གྱིས་རྩ་ཟོས་པ་བཞིན། རང་གི་འདོད་ཕྱོགས་དང་མཐུན་པའི་བཅའ་ཁྲིམས་ཀྱི་ཚིག་ཁ་ཤས་མ་གཏོགས་གཞན་སྣང་མེད་ཟུར་འཇོག་བྱས་ཏེ། བཅའ་ཁྲིམས་རིན་པོ་ཆེ་བསམ་བཞིན་བེད་སྤྱོད་ལོག་པར་བཏང་བའི་འཇུག་འབྲས་ལ་གནས་བབ་འདི་བྱུང་བ་རེད།
གལ་ཏེ། ལོ་སྔ་ཕྱི་འདི་གཉིས་ནང་གི་གནས་སྟངས་འདི་འདྲ་མུ་མཐུད་དེ། དམངས་གཙོའི་ལམ་ལུགས་དེ་ཕྱོགས་ཁག་དབར་གྱི་འཐབ་རྩོད་ཀྱི་ངོ་བོར་བསྒྱུར་བ་དང་། དེ་ཡང་། བསམ་ཤེས་གཏན་ནས་མེད་པའི་བླུན་རྨོངས་ཀྱི་འགལ་བར་གྱུར་ཏེ། ༧གོང་ས་ཐམས་ཅད་མཁྱེན་པས་སྐུ་ངལ་དཔག་མེད་ཀྱིས་བཙུགས་པའི་སྒྲིག་འཛུགས་དང་། ལམ་ལུགས་ལེགས་པོ་འདི་ཐལ་བར་འགྱུར་བའི་རྒྱུ་བྱས་ན། མི་རིགས་འདིའི་ལོ་རྒྱུས་ཀྱི་ཉེས་ཅན་པ་ནི། བསམ་བཞིན་ཉོག་དཀྲུགས་པའི་བྱེད་པོ་ཁྱོད་རྣམས་ལས་མ་འདས་ཤིང་། དགྲ་བོས་ཞི་དྲག་སྐྱ་མ་དགུ་དྲིལ་གྱིས་གཏོར་མ་ནུས་པ་དེ། ཁྱེད་ཚོས་བདེ་བླག་ངང་གཏོར་བ་ཡིན་པས། ལོ་རྒྱུས་ཀྱི་ཐལ་བ་ནག་པོ་དེ་ཁྱོད་རང་ཚོའི་མིག་ནང་དུ་འདེབས་པར་གདོན་མི་ཟ་ལ། ད་ལྟའི་ཆར་བོད་མི་རིགས་ལ་ཡོད་པའི་རེ་བའི་སྐྱ་རེངས་ཉག་གཅིག་དེ་ཁྱོད་ཚོས་བསྒྲིབས་པ་ཡིན་པས། རྐྱེན་འདི་ལ་བརྟེན་ནས་མི་རིགས་འདིའི་ལོ་རྒྱུས་ཀྱི་རྫོགས་ཚིག་ནག་པོ་འབྲི་བའི་བྱེད་པོའང་ཁྱོད་ཚོར་འགྱུར་སྲིད་ན། ད་ལྟ་བསམ་བཞིན་དུ་བོད་མིའི་སྒྲིག་འཛུགས་ཁ་འཐོར་དུ་གཏོང་བའི་བྱ་བ་དངོས་སུ་སྒྲུབ་མཁན་རྣམས་དང་། དེ་ལ་རྒྱབ་སྐྱོར་གྱི་དཀྲུགས་ཤིང་རིམ་པར་རྒྱག་མཁན་ཚོ་ནི། མི་རིགས་འདི་གསོད་ངེས་ཀྱི་ལག་དམར་ཤན་པར་བརྩིས་ནའང་འགྲིག་ཚོད་དུ་མཐོང་། གང་ལྟར། མི་འགྱངས་པར་བདམས་ཐོན་སྤྱི་འཐུས་སོགས་ཀྱིས་སླར་ཡང་ཚོགས་འདུ་བསྡུ་རྒྱུ་ཡིན་རབས་འདུག་ན། སྐབས་འདི་དང་འབྲེལ་ནས། མི་རིགས་དང་། ལོ་རྒྱུས། བདག་དབང་། འགན་འཁྲི། ངོ་ཚ། ལ་རྒྱ་ཞེས་པའི་ཚིག་འདི་དག་ལ་བསམ་བློ་བཏང་སྟེ། ནང་བཀྲ་ཤིས་པ་དང་། ཕྱི་དོན་འགྲུབ་པ་ཞིག་ཡོང་བའི་རེ་བ་ཞུ། ། དགེ་བཤེས་བློ་བཟང་དཔལ་ལྡན་གྱིས་ཨོ་གླིང་ནས། སྤྱི་ལོ་༢༠༢༡། ༠༩། ༢༤ ཉིན་ཕུལ།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་འདི་འགྱིགས་བྱི་རིལ་འདྲ་བོ་ཡར་འཐེན་མར་འཐེན་ནམ་ཡང་བྱེད་མི་ཉན་ནོ་།
དགེ་བཤེས་བློ་བཟང་དཔལ་ལྡན། ཨོ་གླིང་། ནས་སེམས་གཏམ་དམར་པོའི་གཏམ་དེའི་སུ་ལ་གནང་བའི་ཡུལ་དེ་ཁ་གསལ་མིན་འདུག་ཀྱང་ཉམས་ཞིབ་ན་བཅའ་ཁྲིམས་དང་འགལ་མཁན་སྤྱི་འཐུས་་ ༢༢ དེར་ཡིན་པ་གསལ་པོ་འདུག ད་དུང་གསལ་བཤད་ཕྲན་བུ་ཞུས་ན་རྒྱུན་རིང་ཞིག་ནང་རྒྱ་དམར་པོས་ལུས་ངག་ཡིད་གསུམ་བྱ་སྤྱོད་གང་ལའང་སོ་སོའི་འདོད་མོས་ཀྱིས་སྒེར་སྤྱོད་ཀྱི་རང་དབང་མེད་ཐོག་ཁོ་རང་ཚོའི་རྣམ་རྟོགས་ལས་བྱུང་བའི་བསམ་ཞིབ་ལའང་མནར་སྤྱོད་འཇིག་རྟེན་ནང་བྱུང་མ་མྱོང་བ་ཞུས་ན་ནི་ད་ལྟ་རྒྱ་མིས་བོད་མི་རིགས་སུ་བཏང་དང་གཏོང་བཞིན་པ་མ་ཚད་། མནར་སྤྱོད་དེ་དག་རང་ལུས་སུ་མྱོང་མཁན་གྱི་སྐྱེ་བོ་ད་སྐབས་ཀྱི་རང་རེའི་གྲོས་ཚོགས་རྙོགས་ཁྲ་བཟོ་མཁན་གྱི་ནང་མང་པོ་ཡོད་འདུག་པ་ཚོས་བསྡད་ས་བྱུང་ན་སྐྱོང་སའི་དཔེ་ལས་རྒྱ་དམར་པོའི་དགོས་དོན་བསམ་བཞིན་དུའམ་བསམ་མེད་ལས་སྒྲུབ་བཞིན་པའི་དགོངས་ཚུལ་ལྟ་བུའང་ངས་དོན་གོ་གིན།
དགོངས་ཚུལ་ཡག་པོ་དང་བཅའ་ཁྲིམས་ལམ་དུ་གནང་འདུག་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བཅའ་ཁྲིམས་ལྟར་ལག་ལེན་འཁེལ་རྒྱུ་ནི་དབང་མེད་་ཀྱི་དབང་། སྟོབས་མེད་ཀྱི་སྟོབས། ནོར་མེད་ཀྱི་ནོར་། ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་གྱི་གོང་བུ་དང་བོད་ཆོལ་གསུམ་ལ་སྐྱིད་པའི་ཉི་མའི་འབྱུང་རྩ་དེ་ཡང་ཡིན། རྙོག་ཁྲ་འདི་བཅའ་ཁྲིམས་དགོངས་དོན་ནམ་ལམ་ནས་སེལ་མ་ཐུབ་པའི་རྐྱེན་རྩའི་ནང་ཆོས་འཐུས་ཚོས་གལ་འགངས་ཆེ་བའི་ཞབས་འདེགས་སམ་ཞབས་འདྲེན་ཆེན་པོ་ཞིག་ཞུས་ཡོད། དེ་ཡང་གྲོས་ཚོགས་འཚོགས་སྐྱོང་ཐུབ་དང་མ་ཐུབ་ཀྱི་དོན་རྩ་གསུམ་ཆ་གཉིས་དེར་ཡིན་ཚོད། གལ་སྲིད་ཆོལ་ཁའི་ཆོལ་སྲིད་འཁྲབ་ནའང་ཆོས་འཐུས་ཚོས་མེ་འབར་པ་ལ་ཤིང་རྒྱབ་མེད་ན་ཆུ་རྒྱབ་མི་དགོས་པར་མེ་རང་བཞིོན་མེད་པ་འགྲོ་རྒྱུ་རེད། དེར་བརྟེན་ཆོས་འཐུས་མི་དགོས་ཞུ་མཁན་བོད་མི་མང་མང་པོ་ཞིག་ཡོད་པ་དང་། འགའ་རེས་བསྒྱུར་བཅོས་དཔེ་ན་། ཆོས་འཐུས་གྲོས་ཚོགས་ལམ་ནས་མེད་པ་ཞུ་མ་ཐུབ་ན་ཆོས་ལུགས་ཚང་མའི་ནང་དད་མོས་ཞུ་མཁན་བོད་ཆོས་གསུམ་གྱི་མི་མང་ཡོད་སྟབས་ཆོལ་གསུམ་ཀ་ནས་ཆོས་འཐུས་རེ་རེ་འདེམས་རྒྱུ་བྱུང་ན་དགེ་མཚན་ཆེ་གནས་ཀྱི་དགོངས་འཆར་ཡོད། སྐུ་ཉིད་དངོས་སུ་ཆོས་འཐུས་དང་འབྲེལ་ཆེ་གནས་ལ་སོང་གནད་དོན་ཐད་དགོངས་ཞིབ་ཕེབས་ཐུབ་ན་རན་ཆེ་བ་དང་ཕན་ཆེ་ལགས་ཀྱང་དཔེ་ཆའི་ནང་དུ་མེད་ནའང་ཐུགས་ལ་མེད་པ་ག་ནས་ཡིན།།
དེ་རིང་སྐབས་བཅོ་ལྔའི་འདམས་འཐོན་སྤྱི་ ༤༥ འཛོམས་ནས་བཅའ་ཁྲིམས་དང་མཐུན་པའི་ཁྲིམས་མཐུན་ལ་ཁ་ཕྱོགས་ནས་འོས་འཕེན་མི་མང་གི་མངོན་འདོད་བཅའ་ཁྲིམས་དང་མཐུན་པའི་ཐོག་བསྐོང་ཐུབ་པའི་རེ་བ་དང་ཡིད་ཆེས་ལ་འགན་འཁུར་ནས་བསྡད་ཡོད་།