བསོད་ནམས།
ཕ་རོལ་རྒྱ་ལ་དགོས་པའི་གངས་ལྗོངས་དེ་ཕུལ་ཅིང་།
ཚུ་རོལ་གཞིས་བཞུགས་བོད་མིར་དམྱལ་བ་ཡི་གདུང་བ།
གཅིག་ལ་ཕན་ཀྱང་གཅིག་ལ་འཐོབ་བྱ་ནི་མེད་པ།
གཉིས་ཕན་དབུ་མའི་ལམ་གྱི་དགོངས་དོན་དེ་ཅི་ལགས།
བཅུ་ཕྲག་ཟུང་ལྷག་བགྲང་བྱར་པད་ཅིང་དུ་ཕེབས་ཤིང་།
ལག་ཟུང་ཐལ་མོ་སྦྱར་དེ་ཞུ་བ་རེ་ཕུལ་ཡང་།
སྤྱང་ཀིའི་ཁ་ནས་ཁྲག་ཐིག་མི་འཛགས་པའི་དཔེ་བཞིན།
ཐ་མ་བོད་ལ་ཕན་པའི་གྲུབ་འབྲས་དེ་ཅི་ལགས།
གཞིས་ལུས་བོད་མིས་རང་བཙན་གཙང་མ་ཡི་དཔའ་སྐད།
ཆོལ་གསུམ་གཅིག་བསྒྲིལ་གནམ་སའི་ཁྱོན་ལ་རང་བསྒྲགས་པ།
རྣ་མཆོག་འབྲོང་ཀོའི་སྤུ་ཟླ་བཙན་བྱོལ་གྱི་སྐུ་ངོས།
རྣ་ཐོས་མེད་ཀྱང་སྤྱན་གྱིས་མ་གཟིགས་པ་རང་ཨེ་ཡིན།
ས་ཡ་གཅིག་ལྷག་དགྲ་བོའི་ལག་འོག་ཏུ་གྲོངས་པ།
རང་གི་རྒྱལ་ཁབ་རང་དབང་སླར་གསོ་ཡི་མཆེད་ལས།
རྒྱ་ལ་དར་དཀར་ཕུལ་ནས་ཆོལ་གསུམ་གྱི་བདག་དབང་།
ལག་ཟུང་ཐལ་མོ་སྦྱར་ནས་ཕུལ་མཆེད་དུ་ཨེ་ཡིན།
འོད་མཚན་མགོན་པོས་གཙོ་བས་གངས་ལྗོངས་ཀྱི་དཔའ་རྒོད།
བགྲང་ཡས་རྒྱ་དམར་ཀླ་ཀློའི་མུན་བཙོན་དུ་བཅུག་པ།
དབུ་མའི་ལམ་གྱི་གྲུབ་འབྲས་རྒྱ་དམར་གྱི་བརྔན་པ།
བཙན་བྱོལ་སྐུ་ངོ་རྣམ་པས་་དགྱེས་བཞེས་རང་གནང་རོགས།
ས་མཐོའི་ལྗོངས་ལ་ལུས་ཟུང་ལྟེ་ཁྲག་དེ་བོར་ཞིང་།
རྒྱ་དམར་ཀླ་ཀློས་ཕ་སྤུན་ཡ་བྲལ་དུ་བཏང་་བས།
བཙན་བྱོལ་ཕུག་བསམ་ལྡན་པའི་དེང་དུས་ཀྱི་གཞོན་ནུ།
རང་གི་ཐོལ་སྐལ་རང་བཙན་རྩོད་པ་ལ་རང་འབད་རོགས།
རིན་ཆེན་སྐུ་སྲོག་མེ་ལྷའི་ཞལ་བཟས་སུ་ཕུལ་ནས།
རང་གི་བདེན་དོན་རྩོད་པའི་གངས་ལྗོངས་ཀྱི་དཔའ་བོའི།
ཐུགས་ལ་བཅངས་པའི་བཞེད་དོན་གངས་ལྗོངས་ཀྱི་མགོན་པོ།
ཞབས་ཟུང་ཁ་བའི་ལྗོངས་སུ་བཀོད་པ་རང་སྨོན་ནོ།
དཔའ་རྒོད་རེ་རེའི་སྐུ་ལུས་མེ་ལྕེ་ཡིས་བཏུམས་བཞིན།
བོད་ལ་རང་བཙན་དགོས་པའི་གངས་སེང་གི་ངར་སྐད།
ས་ཡ་དྲུག་གི་མགྲིན་ཚབ་ཡུར་གྱར་གྱི་སྤུན་ཟླ།
འོན་པ་མིན་ན་རྣ་བས་ཐོས་ཚོད་རང་ཡིན་ནོ།
རང་རིགས་སྤུན་ཟླ་གསོད་པའི་མི་གསོད་ཀྱི་ལག་དམར།
འོད་མཚན་མགོན་པོ་བཀྲོངས་པའི་བསྟན་དགྲ་ཡི་དང་མ།
བདུད་རྒན་ཧུ་ལ་སྙན་ཞུ་འབུམ་ཕྲག་རེ་སྤྲད་ཀྱང་།
དོན་བྲལ་ནམ་མཁའི་མེ་ཏོག་ཐུལ་བ་དང་ཅི་འདྲ།
སྟོབས་ཆེན་དཔུང་པ་འབྲེལ་ནས་ཉམ་ཆུང་ལ་སྡང་ཞིང་།
སྤྱི་བའི་མིང་ཁུར་རང་དོན་ཁོག་ཁྱེར་གྱི་རྒྱལ་སྤྱིར།
ལག་ཟུང་ཐལ་མོ་སྦྱར་ནས་སྙན་ཞུ་རེ་ཕུལ་ཀྱང་།
སྙན་སྙན་ཚིག་སྐམ་དོན་ལ་མེད་པ་དེ་སྐྱོ་བྱུང་།
དཔའ་རྒོད་རྣམ་པའི་སྐུ་ལུས་མེ་ལྕེ་ཡིས་གཏུམ་ནས།
རང་གི་རྒྱལ་པོ་རང་ཡུལ་གདན་འདྲེན་གྱི་བདེན་གཏམ།
ས་མཐོའི་ལྗོངས་དེར་ཉིན་མཚན་བར་མེད་དུ་སྒྲོགས་པ།
སྲོང་བཙན་བུ་རྒྱུད་ཡིན་པས་ཡིད་སྨོན་རེ་སྐྱེས་བྱུང་།
སེང་གེའི་མཚན་ཅན་མི་རབས་གསར་པ་ཡི་དཔུང་འདྲེན།
མཁས་དབང་བཀའ་ཁྲི་མེས་པོའི་བློ་ཅན་ཞིག་ཡིན་ན།
དཔའ་རྒོད་དཔུང་གི་འབོད་ཚིག་རང་བཙན་གྱི་ངར་སྐད།
འདི་མུར་མ་སྐྱུར་འཛམ་གླིང་ཡོངས་ལ་རང་སྒྲོགས་རོགས།
ཁྱེད་ཀྱིས་བྲིས་པའི་སྙན་ཚིག་དུམ་བུ་འདི་བདེན་ཀྱང་། །འདི་འདྲ་བོད་ཀྱི་སྤྱི་ཚོགས་ནང་ཁུལ་དུ་སྒྲགས་ན། །
ཁྱེད་རང་གོང་ས་མཆོག་ལ་ངོ་རྒོལ་བ་ཆགས་ངེས། །སོང་ཙང་དེང་སང་དྲང་གཏམ་མ་བརྗོད་ན་ཡག་འགྲོ །
རྫས་འགྱུར་གཅིག་གི་གནས་ལུགས་མ་མཁྱེན་ན།
རང་བཙན་མ་ཎི་བཏོན་པ་དོན་མེད་ཡིན།
གློག་རྡུལ་རིགས་པའི་ནུས་མཐུ་མ་ཤེས་ན།
རང་བཙན་རང་དབང་མེད་པར་ལྷག་རྒྱུ་རེད།
འབར་རྫས་གཅིག་གི་སྦྱིན་བདག་མི་ཐུབ་ན།
ཁ་ཚིག་མེ་འབར་བྱས་བ་དོན་ཆུང་ཡིན།
མདའ་མདེའུ་ཞིག་གི་ཞལ་འདེབས་མ་ཕོག་ན།
དཔའ་བོ་དགྲ་ལག་བཞག་པའི་ནག་ཆེན་ཡིན།
ད་ནས་མི་ལོ་ལྔ་བཅུའི་མཐའ་མཚམས་ན།
བོད་ལ་རེ་བའི་ཉི་མ་ཤར་དགོས་ན།
ཞལ་འདེབས་ཆར་བ་འབབ་འབབ་རྒྱུད་མ་ཆད།
རིག་པ་གློག་དམར་འཁྱུག་འཁྱུག་རྣོ་མ་ཤོར།།
རྒྱུ་ཡི་སྒང་ལ་རིགས་པའི་ཏོག་བཏགས་ན།
རིགས་པའི་འོག་ལ་རྒྱུ་ཡིས་སྐྱོར་རྒྱབ་ན།
རིགས་པ་སྨྲ་བའི་མི་རིགས་རླབས་ཆེན་འདི།
རིགས་གནས་ཕྱོགས་ཀུན་ཚང་བའི་བོད་རྒྱལ་ཁབ།།
གངས་ཅན་བོད་ཀྱི་དུས་གསུམ་བདེ་སྡུག་འདི།
མཐུ་ཆེན་ལྷ་ལ་བཅོལ་བའི་སེམས་ཤི་ཐལ།།
སྟོབས་ཆེན་གྲོགས་ལ་རེ་བའི་ཡིད་ཆད་ཐལ།།
རང་མགོ་རང་ཐོན་རིགས་གནས་རྒྱུ་ལ་བསྟེན།
མདུན་དུ་སྐྱོད་ཡ་ཤ་རུས་གདུང་རྒྱུད་གཅིག།
ཕྲག་ཏུ་ལོངས་ཡ་རིག་པའི་དཔའ་བོ་ཚོ།།
རྒྱབ་དུ་མཆོང་ཡ་གཏེར་མཛོད་ཀླུ་བདག་ཚོ།།
གངས་ཅན་པ་ཡིས་གངས་ཅན་བདག་དུ་འཛིན།།
སང་ཉིན་སུམ་ཅུའི་དུས་དྲན་རེད། དེ་རང་བསམ་བློ་འདི་མོ་འཁོར་གི། དྲ་གྲོགས་ཚོ་ད་ང་ཚོས་ཅི་བྱེད།
གསུམ་བཅུའི་དུས་དྲན་ལ་བཅོས་རོགས་ཞུ།
ཚེ་སྲོག་ལ་འགན་མི་འཁུར་བའི་འཆལ་གཏམ་ཁོ་ན། མདའ་མདེའུ་བེད་སྤྱོད་པའི་མཇུག་འབྲས་ལ་མནོ་བསམ་རེ་གཏོང་རོགས། ལྟོ་བ་རྒྱག་ན་ཡིད་ལ་གང་དྲན་དང་ཁ་ལ་ཅི་ཡོང་མ་བཤད་ཅིག ཚེ་སྲོག་འཕྲོ་བརླག་བཏང་བ་མང་མེད་ན་ཉུང་མེད། གཏམ་འདི་འདྲ་ཐོས་དུས་རྒྱ་དམར་ལས་ཀྱང་ཐ་ཤལ་ཞིག་ལས་དྲན་རྒྱུ་མི་འདུག མེར་བསྲེགས་ནི་༼ཏྰ་ལའི་རུ་ཚོགས་དང་ཕྱི་སྡོད་བོད་མིས་ངན་སྐུལ་བྱེད་པ་ཡིན་༽ཟེར་བ་དེ་བདེན་སྒྲུབ་བྱེད་པ་ཡིན་ནམ།
རང་དབང་ཨརྡུ་མན་ལགས་ནས་ལམ་སྟོན་གནང་བ་བཀའ་དྲིན་ཆེ།