ལྡོང་ཆུ་ཤེལ། (འོས་སྦྱོར།)
རིག་གནས་ནང་འདྲེན་བྱེད་པ་ནི། རབ་དང་མཆོག་དང་གྱ་ནོམ་པ་ཡིན་ནོ།།
རིག་གནས་ཕྱིར་གཏོང་བྱེད་པ་ནི། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། ཀླད་མེད་དག་གི་ལས་ཡིན་ནོ།།
གཞན་གྱི་ཡང་དག་པའི་རིག་གནས་ནང་འདྲེན་བྱས་ཏེ་བོད་ཡིག་ཏུ་བསྒྱུར་བ་ནི། བོད་ཀྱི་ཆོས་དང་རིག་གནས་ལ་ཟུངས་བཅུད་སྣོན་པ་དང་མཚུངས་ཏེ། དཔེར་ན། སྔོན་བྱོན་ལོ་ཙཱ་བ་བཀའ་དྲིན་ཅན་རྣམས་ཀྱི་བྱས་འབྲས་ལ་གཟིགས་རོགས།
རང་གི་རིག་གནས་ཕྱིར་གཏོང་བྱས་ཏེ་གཞན་གྱི་ཡི་གེར་བསྒྱུར་བ་ནི། བོད་ཡིག་འཇིག་བྱེད་ཀྱི་རྒྱུ་གཙོ་བོ་གཅིག་བསྒྲུབས་ཡོད་པ་ཡིན་ནོ།།
དཔེར་ན། དེང་གི་བླ་སྤྲུལ་དང་མཁན་པོ་ད་དུང་སློབ་གྲྭའི་དགེ་རྒན་ཆེན་མོའི་མིང་འཛིན་འགའི་བྱས་ཉེས་ལ་གཟིགས་ན་རྟོགས་འོང་ངོ་།།
འཛམ་གླིང་ལ་ཁ་ཕྱོགས་པ་ཟེར་བ་ནི་རང་གི་རིག་གནས་ཚང་མ་གཞན་གྱི་ཡི་གེར་བསྒྱུར་རྒྱུའི་དོན་རྩ་བ་ཉིད་ནས་མིན་ནོ།།
ཁྱེད་ཀྱིས་ཇི་འདྲར་བསྒྱུར་ཀྱང་མོས་པ་དང་ཀློག་འདོད་མེད་མཁན་ཚོས་མིག་ཟུར་ཙམ་ཡང་མི་ལྟའོ།།
ཁྱོད་ཀྱིས་ཚིག་གཅིག་མ་བསྒྱུར་ནའང་མོས་པ་ཡོད་མཁན་ཚོས་བོད་ཡིག་ལ་འབད་འབུངས་ཀྱིས་སློབ་གཉེར་བྱེེད་ཀྱིན་ཡོད་དོ།།
འདི་ལྟ་བུའི་ལས་བསྒྲུབས་ཚེ་སྔོན་ཆད་ཀྱང་བོད་ལ་ཕན་ཐོཊ་མ་མྱོང་ལ་ཕྱིན་ཆད་ཀྱང་ཕན་ཐོགས་འབྱུང་མི་སྲིད་དོ།།
ཁྱོད་ཚོ་བྱང་ཆུབ་སེམས་དཔའ་ཡིན་ཀྱང་སྲིད་མོད། གཞན་དོན་གྱི་ཆེད་དུ་རང་ཉིད་བློས་བཏང་ཆོག་ཀྱང་། བོད་དང་བོད་ཀྱི་ཆོས་དང་རིག་གནས་བློས་བཏང་མི་ཆོག་གོ།།
དེ་བས་རང་གི་ཡོད་ཚད་གཞན་དུ་སྒྱུར་བའི་བསམ་སྤྱོད་ངན་པ་དེ་མཚམས་འཇོག་རོགས།
འཛམ་གླིང་རང་བཞིན་ཅན་ཞེས་སྐད་ཆ་རྫིག་པོ་སྨྲ་བཞིན་བོད་ཡིག་ཐལ་བར་གཏོང་མཁན་གྱི་མི་ཡང་བླ་ཆེན་མི་ཆེན་གྱི་གྲས་ན་མང་ངོ་།།
འཛམ་གླིང་ཁྱིམ་ཚང་གཅིག་ཟེར་བ་ནི་མངོན་འགྱུར་བྱེད་ཐབས་བྲལ་བའི་མི་ཡ་རབས་དག་གི་སྨོན་འདུན་དང་རྨི་ལམ་ཙམ་ཡིན་ནོ།
ང་ཚོ་ནི་སོ་སོ་སྐྱེ་བོ་སྟེ། འཁོར་བའི་འདམ་ལ་གནས་ཤིང་ཉོན་མོངས་པའི་གཞན་དབང་ཅན་ཡིན་པ་ཤེས་དགོས་སོ།།
འདི་ནི་དོན་དངོས་དང་ལོ་རྒྱུས་ཀྱིས་ང་ཚོར་བརྡ་བཏང་བ་ལས་ངས་དོན་མེད་ཉོག་གཏམ་བཤད་པ་ནི་མིན་ནོ།།
རང་ནོར་གཞན་ལ་མ་སྟོན།།
རང་ནོར་གཞན་ལ་བསྟན་ན།།
རྐུ་ལ་ཤོར་བའི་ཉེན་ཡོད།།
དེ་བས་བདག་པོ་རྒྱག་རོགས།།
༢༠༡༦.༡༠.༡༠
(ལྷ་སྒྲོལ་སྐྱབས་ཀྱིས་མཚམས་སྦྱོར་བྱས།)
རྒྱབ་སྐྱོར་བརྒྱ་ཆ་%100 ཡོད
རྒྱལ་བའི་བཀའ་བསྟན་ཨིན་ཡིག་བསྒྱུར་མཁན་བླ་སྤྲུལ་མཁན་པོ་རང་གི་ལུས་སེམས་སྲོག་གསུམ་ཕྱི་ཡིག་ཏུ་བཙོང་མཁན་ཚོའི་སྤྱན་ལམ་དུ་འཕྲོད་པར་ཤོག
བོད་པའི་ནང་ཆོས་བོད་པར་མི་དགོས་ན། གཞན་པའི་ལག་ཏུ་ཐེབས་པ་ན། ང་ལ་ཕྲག་དོག་མེད། ནང་འདྲེན་བྱེད་མཁན་ཚོ་ལ་རྒྱ་ཅན་རེད། ཕྱིར་འདྲེན་བྱེད་མཁན་ཚོ། རང་རིགས་ཀྱིས། དོ་སྣང་མེད་པའམ། ཉམས་ལེན་མ་བྱས་ནས་འུ་ཐུག་པའམ། ཡང་ན། གཏམ་སྙན་གོ་ས་ཞལ་འདེབས་ཀྱི་ཆེད་དུའང་ཡིན་སྲིད། ཧ་ཧ། ཀུ་རེ་དང་བཅས།།
ཧ་ཧ་ངོ་ཚ། དེས་ན་ཞི་བ་མཚོ་སོགས་ཀྱིས་བཀའ་བསྟན་བོད་ཡིག་ལ་བསྒྱུར་བ་ཡང་ནོར་འཁྲུལ་དང་། སྟོན་པས་ཆོས་འཁོར་སྐོར་བ་ཡང་ནོར་འཁྲུལ་ཡིན་པའི་རིགས་པ་མགོ་ཐོག་ཏུ་བབས་པའི་ཕྱིར།
ལྡོང་ཆུ་ཤེལ་ལགས། རང་གི་རིག་གནས་ལ་གཅེས་སྟངས་མི་ཤེས་པའི་གུ་དོག་གི་གཏམ་འདི་རིགས་མ་སྨྲས་ན་ལེགས་བསམ་མོ། འོན་ཀྱང་འགྱུར་གྱི་སྤུས་ཚད་ལ་བསམ་འཆར་ཡོད་ན་ངེས་པར་ཤོད་དགོས།
བོད་ཡིག་ཕྱི་ཡིག་ལ་བསྒྱུར་བ་ནི་སྒོར་མོའི་དོན་རེད། སྒོར་མོ་མ་བཙལ་ལབ་ཐུབ་པའི་དབང་ཆ་ང་ཚོ་སུ་ལ་ནི་མེད།
ཕྱི་ཡིག་བོད་ཡིག་ལ་བསྒྱུར་བ་ནི་མི་རིགས་ཀྱི་དོན་བྱེད་པ་ལས། བྱ་བ་འདིའི་རིགས་ལ་སྒོར་མོའི་འབབ་ནི་ཆུང་བས། གཞུང་སྒར་གཉིས་ཀས་དེའི་ཕྱོགས་ལ་ཡ་ཆེན་པོ་མི་བྱེད་པ་གསལ་པོ་རེད།
ང་ལ་ནི་ཡོན་ཏན་དང་སྒོར་མོ་གང་གི་ཕྱོགས་ན་ནུས་པ་མེད་པས། རེ་བ་གནམ་ལ་བཅོལ་ནས། ངག་ནས་༼ཨ་གནམ་རྒན་མས་ཅིག་གཟིགས་༽ཟེར་བཞིན་བསྡད་ཡོད་དོ།