ཆ་མདོ་ངག་ཕུན།
གཤིས་རྒྱུད་འཇམ་ལ་བག་ཡོད་ལྡན།།
དོན་མེད་ངག་འཁྱལ་མི་སྨྲ་ཞིང་།།
ལས་ལ་བརྩོན་ཞིང་ངག་རྒྱུན་རིང་།།
བཟང་སྤྱོད་ལྡན་པའི་གཅེས་མོ་དྲན།།
ཕ་མས་ཅི་གསུང་དང་ལེན་ལས།།
མི་འདོད་རྣམ་འགྱུར་སྟོན་པ་ཞིག།།
བདག་གིས་མིག་མདུན་མཐོང་མྱོང་མེད།།
བཟང་སྤྱོད་ལྡན་པའི་གཅེས་མོ་དྲན།།
ཞོགས་པ་སྔ་པོ་ཡར་ལ་བཞེངས།།
ལུས་ལ་བོད་ཆས་མགྱོགས་མྱུར་གྱོན།།
སླེ་པོ་འཁྱེར་ནས་རི་ལ་ཐོན།།
འབུད་ཤིང་འཐུས་ནས་ནང་དུ་ཡོང་།།
སླེ་པོ་ས་རུ་བཞག་མ་ཐག།།
མེ་ཁ་ཕྱེས་ནས་སྐྱེད་མའི་མཉམ།།
ནང་མི་རྣམས་ལ་ཞོགས་ཟས་གཡོ།།
ངལ་བ་ལྷོད་མེད་ལས་ལ་བརྩོན།།
འདས་མོའི་བུ་ཕྲུག་རྣམས་ཀྱི་ཆེད།།
ཕ་མས་མནའ་མ་གཞན་ལ་སྟེར།།
འགྲོ་འདོད་དེ་ཙམ་མེད་ན་ཡང་།།
ཕ་མའི་བཀའ་ལ་ཉན་ནས་སོང་།།
དཔྱིད་ཀྱི་ལང་ཚོ་དར་མ་དེ།།
བུ་སྤུན་ཆེད་དུ་བློས་བཏང་གནང་།།
ཕ་མ་ཐུག་ཏུ་ཡོང་བའི་སྐབས།།
ཕྱིར་ལོག་སྐབས་སུ་མིག་ཆུ་མིད།།
དེ་དག་ཡང་ཡང་མཐོང་བ་སྐབས།།
སེམས་ནང་ན་ཟུག་གཏོང་བ་དང་།།
ཕ་མ་གཉིས་ལ་མི་འདོད་པས།།
རྣམ་འགྱུར་ལན་མང་སྟོན་མྱོང་ཡོད།།
བདག་གི་གཅེས་མོ་དེ་ཉིད་ལ།།
བདེ་བ་ཉིན་གཅིག་བྱུང་མྱོང་མེད།།
ནང་མི་སྤུན་མཆེད་རྣམས་ཀྱི་ཆེད།།
སེམས་ཁྲལ་ངང་ནས་མི་ཚེ་རྫོགས།།
བྱམས་སེམས་ཅན་གྱི་གཅེས་མོ་ཁོང།།
མ་ཐུག་ཕྱི་མའི་ལམ་དུ་གཤེགས།།
སེམས་ནང་གཅེས་མོ་དྲན་ཐེངས་རེར།།
ན་ཟུག་བཏང་ཡང་བྱ་ཐབས་བྲལ།།
ལུས་ལ་བོད་ལྭ་གཙང་མ་གྱོན།།
ངག་ནས་བོད་སྐད་གཙང་མ་སྒྲོག།།
ག་དུས་ཁོམ་ནས་ཡིག་དྲུག་བགྲང་།།
བྱམས་སེམས་ཅན་གྱི་གཅེས་མོ་དྲན།།
ཐུཌ་རྗེ་གཟིཌ་དང་སྤྱན་རས་གཟིཌ།།
བདག་གི་གཅེས་མོ་དམ་པ་ཁོང་།།
སླར་ཡང་མི་ལུས་བཟང་པོ་ཞིག།།
སྐྱེ་བའི་སྨོན་ལམ་སྙིང་ནས་འདེབས།།
ངའི་ཕ་མ་གཉིས་ལ་བུ་གཉིས་དང་བུ་མོ་བཞི་ཡོད་ཅིང་། གཅེས་མོ་ལོ་ན་ཆེ་ཤོས་དེ་ཡིན་པ་དང་། དེའི་འོག་ཏུ་ང་ཡིན་པ་རེད། གཅེས་མོ་ཧ་ཅང་ཉམས་ཆུང་ཞིང་ཕ་མའི་ཞལ་ལ་ཉན་འཇོག་གནང་མཁན་གྱི་བུད་མེད་ཅིག་ཡིན་པ་དང་། ཕ་མའི་འདོད་མོས་ལྟར་རང་ཉིད་མི་ཚེའི་བློས་བཏང་ནས་མནར་མར་ཕྱིན་པ་རེད། རྒྱུ་མཚན་དེ་དག་བརྟེན་དེང་སྐབས་གཅེས་མོ་ཧ་ཅང་དྲན་ཡོང་གི་འདུག །ཡིན་ནའང་ངེད་སྤུན་མཆེད་ཚེ་འདིར་ཐུག་པའི་ལས་དབང་བྲལ་བ་རེད། དེ་ལས་སེམས་སྐྱོ་བ་ཞིག་ག་ལ་ཡོད། ཅེས་པ་འདི་ས་མཐའི་སྤྲང་འཁྱམ་པ་ཆབ་མདོ་ངག་ཕུན་ཞེས་འབོད་པའི་བྲིས་པའོ།
སྐུ་ཁམས་བཟང་ཁ་བརྡ་ཚང་ལགས། ཆ་མ་རེད། ཆབ་རེད་ལགས་བཅོས་རོགས་གནང་།
ཁྱེད་ཀྱི་བཀའ་དྲིན་ཅན་གྱི་གཅེན་མོ་དེ་ཉིད་བདེ་བ་ཅན་དུ་སྐྱེ་བར་སྨོན།
ང་ལའང་གཅེན་མོ་དེ་ལྟ་བུ་ཞིག་ད་ལྟ་གསོན་པོར་བཞུགས་ཡོད།།