པད་རྒྱམ།
——སྤོ་བོ་འདས་ཏེ་ལོ་གཅིག་འཁོར་བར་བྲིས་པ།
ཚེ་ལོ་རྫོགས་པའི་ཆོས་ཉིད་དེ་ནི་བསྒྱུར་དུ་མེད་པའི་གཤིས་ཡིན་ཕྱིར།།
སྐྱེ་འགྲོའི་རྒྱུད་དུ་སྨིན་དང་མ་སྨིན་རང་རང་སོ་སོའི་ལས་ཡིན་ཞེས།།
ཐུབ་དགོངས་ཉི་མའི་རང་གསལ་འོད་ལ་ཉེ་བར་བསྙེན་པའི་འཇའ་ཚོན་བཞིན།།
ས་ཆེན་སྙིང་ལ་ཕུར་བ་དང་ནི་བསྐལ་པའི་མཐའ་ལ་མངོན་པར་རྒྱུག །
ན་ནིང་ལོ་ཡི་དེ་རིང་ཉིན་མོར་དོ་རུ་དཔལ་གྱི་རི་བོ་ན།།
མྱ་ངན་གྲངས་མེད་སེམས་སུ་ལྷུང་བ་བདག་གི་གཉེན་དང་ཉེ་དུ་ཚོས།།
ཡབ་ཆེན་གཤེགས་པའི་འདས་མཆོད་སྒྲུབ་ལ་སྐལ་བའི་བསོད་ནམས་ལྷུར་བླངས་ཏེ།།
བརྩེ་སེམས་ཟེགས་མའི་རི་བོ་བསྙིལ་ཞིང་རྗེས་འཇུག་དྲིན་གཟོའི་མཆོད་རྫས་བཤམས།།
གཏན་དུ་བྲལ་བའི་སྐྱོ་བ་དེ་ཡིས་སྙིང་ལ་ཙག་ཤད་རྒྱག་པ་སྟེ།།
མིག་ཆུའི་གདུང་བས་བཅོས་སུ་མེད་པ་གཉུག་མའི་ཚོར་བ་དེ་དང་ནི།།
མི་སྙན་གཏམ་གྱིས་སེམས་པ་འདར་བྱེད་ཕ་ཡི་ངག་ནས་གོ་བའི་དུས།།
དྲན་འཛིན་ཡུལ་སྣང་བ་བྱེད་པ་ཨ་མདོའི་རྒད་པོ་ལོ་ལོན་ཞིག །
གང་ཉིད་གཤེགས་ཏེ་ལོ་གཅིག་འཁོར་ཡང་བདག་སེམས་ཉིན་སྲིབ་གང་དུ་ཡང་།།
འཚོ་ཞིང་གཞེས་པའི་སྣང་བ་དཀར་པོ་དུས་ཀུན་རྒྱུ་བའི་རྩ་རླུང་བཞིན།།
སྐད་ཅིག་ཙམ་ལ་འགག་པ་མེད་པར་བར་མེད་རྒྱུ་བའི་ཆོས་དེ་ནི།།
ཡལ་བ་མེད་པའི་དངོས་ཤིག་ཡིན་འདུག་བདག་གི་དྲིན་ཆེན་དམ་པ་ལགས།།
སྡུག་ལ་སངས་པའི་དུས་ཤིག་ལོས་ཡོད་བརྟན་གཡོའི་ཆོས་ཀྱང་འགྱུར་བ་ཅན།།
རྔམ་གནག་མུན་པས་སེམས་པ་བཟུང་བ་ད་ནི་ཕྱོགས་ཀུན་སྣང་བས་ཀྱང།།
སྐྱོ་སེམས་རིང་མོ་གང་དུ་བཀྱེད་པ་སྐད་ཅིག་ཚོར་བས་ཡོངས་བཅོམས་ཏེ།།
གང་ཡིན་འཕྲོ་ན་དེ་ལ་བཏུད་པའི་མྱོང་བའི་ཚོར་བ་སྣ་ཚོགས་མཆིས།།
མིག་ལ་སྣང་བའི་ཆ་བྱད་དེ་ནི་འཁར་བ་ལ་བརྟེན་བགྲེས་སོང་ཞིག །
སེམས་ལ་ཆགས་པའི་གཟུགས་བརྙན་དེ་ནི་དྲིན་ཆེན་ཕ་མའི་ཡན་ཞིག་དང།།
དངོས་འབྲེལ་རེ་བའི་སེམས་ཀྱིས་ཟིན་པ་ལས་དང་བསོད་ནམས་རེ་རེ་ཡང།།
ཕན་བདེའི་གསུང་ལ་ཐོག་རེག་བྲལ་བའི་བདག་སྙིང་ཕྱེད་ཀའི་དྭངས་མ་ཡིན།།
དཔྱིད་དཔལ་ལྷ་མོའི་འབོད་བརྡའི་མཉམ་དུ་གང་དུ་བཞུད་པ་མི་ཤེས་ཀྱང་།།
རྣམ་རྟོག་སེམས་ལ་ཡང་ཡང་འཁོར་བ་དབྱར་གྱི་སྤང་དང་ནེའུ་གསིང་སྟེང།།
མཉམ་འཛོམས་ཡོང་བ་སྲིད་མིན་ལགས་ཀྱང་བདག་གི་སེམས་པ་གཉོམ་པོ་འདིས།།
རེ་བའི་མཐའ་མ་དེ་ལ་གཏུགས་ཤིང་ཁྱེད་ཉིད་སེམས་ཀྱིས་བཞེངས་ཤིང་ཡོད།།
བརྩེ་ཆེན་སྙིང་གི་ཐིག་ལེ་གཅིག་ཉིད་བདག་གི་དྲིན་ཆེན་མིག་འབྲས་ཁྱོད།།
ཕྱི་མའི་འཕྲང་རིང་འགྲིམས་པའི་ཚེ་ན་བགེགས་དང་བར་ཆད་ཟློག་པའི་ཕྱིར།།
སྐལ་དམན་བདག་ནི་འབད་པ་བརྒྱ་ཡིས་བླ་མའི་གསོལ་འདེབས་རིམ་གྲོ་ལ་སོགས།།
བསྒྲུབ་པའི་བྱིན་རླབས་རིན་ཆེན་དངོས་གྲུབ་ཁྱོད་ཐུགས་བག་ཕེབ་སྐྱེས་སུ་འབུལ།།
འཁོར་བའི་འོབས་ལ་དཔྱངས་ཐག་མང་བ་བླ་མའི་གསུང་དང་གདམས་ངག་སྟེ།།
གནད་དེས་བློ་ལ་ངེས་པ་སྦྱིན་པས་རང་གི་དག་པའི་སྣང་ཁམས་ཀྱང་།།
སྲིད་པའི་ཁམས་ཀྱི་རྗེས་གཟུང་དཔལ་ལ་ཆགས་པའི་སེམས་པ་ཕྲ་མོ་ནི།།
ཆོས་མཐུན་གཞི་ལ་ངེས་ཤེས་འདྲོངས་པ་བདག་གི་དྲིན་ཆེན་གསེར་གྱི་རི།།
འབྱུང་བཞིས་སྐྱེད་པའི་ལུས་པོའི་ཁམས་དག་མཐའ་མར་འབྱུང་བཞིར་ཐིམ་པ་ནི།།
སྒུལ་མེད་ཆོས་ཉིད་གཤིས་སུ་གྲུབ་སོགས་སྐྱེས་ནས་འཆི་བའི་གོ་རིམ་ནང་།།
དར་རྒུད་འཕེལ་འགྲིབ་ཅི་ཡང་འབྱུང་བ་རིག་བརྡ་ཙམ་གྱིས་གསལ་སྟོན་པ།།
བསོད་ནམས་རིན་ཆེན་བསགས་པའི་ནོར་ལ་རྣམ་ཤེས་ཕྲ་མོར་འཇུ་ཐག་ཡོད།།