ཨེ་མ་ཧོ།
ན་མོ་གུ་རུ་པདྨ་ཀ་ར་ཡེ།།
དུས་གསུམ་རྒྱལ་ཀུན་འདུས་ཞལ་ཨོ་རྒྱན་གྱི་བླ་མ།།
མཚོ་འཁྲུངས་རྒྱལ་བ་བརྒྱུད་པར་དད་གུས་ཀྱིས་བསྟོད་ནས།།
ལྟ་སྒོམ་སྤྱོད་འབྲས་དེ་ཉིད་སྙིང་པོ་ཀུན་དགོས་པ།།
ཨོྃ་ཧཱུྃ་ཨཱཿཧྲཱིཿའི་མགུར་དབྱངས་མཆོད་པ་འདི་འབུལ་ལོ།།
སྒོ་གསུམ་ཐ་མལ་མུན་ཁུངས་དབང་མེད་དུ་ཤོར་ན།།
འཁྲུལ་བ་བཙན་ཐབས་བསལ་ཕྱིར་རྩེ་རྒྱལ་གྱི་ལྟ་བ།།
ཡེ་གྲོལ་གཉུག་མའི་ཀློང་ཆེན་རབ་འབྱམས་སུ་བསྟེན་པས།།
གཟིམས་མེད་ཉི་མ་འོད་གསལ་སྙིང་དབུས་སུ་ཤར་དགོས།།
ཉོན་མོངས་དུག་ལྔ་སྟོབས་ཆེ་གཞན་དབང་དུ་ཤོར་ན།།
སྣང་གྲགས་རིག་པའི་རྟུལ་ཞུགས་བྱུང་རྒྱལ་གྱི་སྤྱོད་པ།།
རང་གྲོལ་རྒྱལ་བུ་མྱུ་གུ་ཐུགས་དམ་ལ་མཛད་ནས།།
བཅིངས་མེད་སྦྲུལ་ནག་མདུད་པ་རང་ཞིག་ལ་འགྱུར་དགོས།།
འདུ་འཛི་རྣམ་གཡེང་ངན་པའི་གཞན་དབང་དུ་ཤོར་ན།།
རེ་དྭོགས་བར་ཆད་བསལ་བའི་གོམས་རྒྱལ་གྱི་སྒོམ་པ།།
ཅེར་གྲོལ་མཁྱེན་བརྩེ་འོད་ཟེར་ཉམས་རྟོགས་དང་འགྲོག་ནས།།
སྤྲིན་མེད་ནམ་མཁའ་དྭངས་མའི་དབྱིངས་ཆེན་ལ་གཟིགས་དགོས།།
དམ་ཚིག་རྣམ་དག་གཙང་མ་སྙིགས་ལྔ་རུ་ཤོར་ན།།
ཐབས་ཤེས་མདའ་གཞུ་འགེངས་པའི་ཐོབ་རྒྱལ་གྱི་འབྲས་བུ།།
མཐའ་གྲོལ་སངས་རྒྱས་ཡེ་ཤེས་རྟུལ་ཞུགས་དང་མཉམ་ནས།།
འཇིགས་མེད་བཅོམ་ལྡན་འདས་ཀྱི་ཕྲིན་ལས་ལ་གནས་དགོས།།
ལྟ་བ་ཀ་དག་སྤྲོས་བྲལ་གཉུག་སེམས་ཀྱི་ངོ་བོ།།
སྒོམ་པ་ལྷུན་གྲུབ་འོད་གསལ་རང་རིག་གི་རང་བཞིན།།
སྤྱོད་པ་རྒྱལ་སྲས་སེམས་དཔའི་ཕྱིན་དྲུག་གི་ཐུགས་རྗེ།།
འབྲས་བུ་གསང་ཆེན་དཀྱིལ་འཁོར་འགྲོ་ཀུན་ལ་ཁྱབ་འདུག།
ཅེས་པ་འདི་ཡང་རབ་གནས་མེ་བྱའི་གྲོ་བཞིན་ཟླ་བའི་དཀར་ཕྱོགས་སྟོང་པ་དང་པོར་གཏེར་ཆེན་རཏྣ་གླིང་པའི་ཡང་སྲིད་འཛམ་གླིང་ཞི་བདེའི་མཁན་པོ་དམ་པ་ཧཱུྃ་ཏྲཱྃ་པས་འཕྲིན་ཕྲན་ལས་བཀའ་འདྲིའི་རྐྱེན་བྱས་ནས་དེ་ཉིད་དུ་ཤར་བ་དག་རེ་ཞིག་གསང་དགོས་བསམ་ཡང་བརྗེད་དུ་ཕུངས་ནས་གང་ཤར་མགུར་དུ་འཆར་བ་བཞིན་གསང་ཆེན་བསྟན་པར་མི་ཕྱེད་པའི་དད་གུས་ཅན་མཚོ་བྱུང་པདྨ་དགྱེས་པའི་ཆོས་གྲལ་དུ་སྐལ་བ་ཐོབ་པའི་ཤྲྰི་མ་ཧྰ་ཨནྟ་བཛྲས་སུག་ལས་སུ་བགྱིས་པར་ཨེ་མ་ཧོས་གློག་འཕྲུལ་དུ་བགྱིས་པས་གསང་ཆེན་རྫོགས་པ་ཆེན་པོའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་རྒྱུ་རུ་གྱུར་ཅིག་གུ།། ཤྲྰི་སརྦ་ལོ་ཀ་བི་ཛ་ཡནྟུ།། །།
བཀའ་དྲིན་ཆེ།
༄༅། ཨེ་མ་ཧོ་ཡི་རྩོམ་དེ་ལེགས་ན་ཡང་།
དངོས་གསལ་ཤེས་མཁན་བརྒྱ་ཆ་བཅུ་ལས་ཉུང།
མང་པོའི་མ་རྟོགས་ཉུང་ངུས་ཤེས་པ་ནི།
རང་གི་སྐད་ཡིག་ཡར་རྒྱས་མི་ཕན་པས།
མང་པོའི་ཤེས་པའི་རྩོམ་ཡིག་འབྲི་ན་ལེགས།