འབའ་སྲས།
ཁྱེད་ཉིད་ཁོ་ན་བདག་གིས་བསམ་བཞིན་མེད།།
འོན་ཀྱང་ཁྱེད་ཉིད་ཁོ་ན་སེམས་སུ་འཕོས།།
བདག་གི་སེམས་ལ་བདག་པོ་གཅིག་ཡོད་ན།།
དེ་ནི་མ་གསུངས་ཁྱེད་ཉིད་ཡིན་པ་ཤེས།།
མི་ཡི་རྟོག་པ་བསམ་པར་མཐའ་མེད་ཀྱང་།།
བརྩེ་དུང་རྒྱ་རུ་ཚུད་ན་མཐའ་ཡོད་འདྲ།།
ཁོ་བོ་གང་ལ་མི་ཐོགས་འགྲོ་འདོད་ཀྱང་།།
བགྲོད་པའི་གོམ་པ་ཁྱེད་ཀྱི་མདུན་ལ་ཐོགས།།
རྒྱང་རིང་རྒྱང་རིང་དེ་ནི་བགྲོད་ལམ་མིན།།
ཐག་ཉེ་ཐག་ཉེ་དེ་ཡང་འདུག་གནས་མིན།།
ཁྱེད་ནི་རྒྱང་དུ་བྲོས་ན་བདག་གི་ལམ།།
ཁྱེད་ནི་མདུན་དུ་བསྡད་ན་བདག་གི་གནས།།
གང་ལྟར་ཁྱོད་ཀྱི་ལམ་དེ་ང་ཡི་ལམ།།
ཁྱོད་ཀྱི་སྡོད་གནས་དེ་ཡང་ང་ཡི་ཡུལ།།
ཁྱོད་དང་ང་ཡི་ཚེ་སྲོག་མི་འདྲ་ཡང་།།
འཚོ་བའི་སྣེ་མོའི་མདུད་པ་གཅིག་པར་ངེས།།
མདུད་པ་འདི་ཡང་ཐག་སྣེ་གཉིས་ཀྱིས་གྲུབ།།
མདུད་པ་འདི་ཡིས་བདག་ཉིད་དམ་དུ་བཅུག །
མདུད་པ་འདི་ཙམ་གཅོད་པའི་རལ་གྲི་ཞིག །
བདག་ལ་མེད་པས་ཁྱེད་ཉིད་གང་གིས་དོར།།
སེམས་དང་གོམ་པ། ད་དུང་བརྩེ་བ།
སེམས་པ་མོ་ལ་ཤོར་ནས། །
གོམ་པ་མོ་ཕྱོགས་རྒྱག་བགྱིད། །
ད་དུང་ཆང་འཐུང་བརྒྱབ་ནས། །
བརྩེ་བའི་སྨྲེ་ངག་འདོན་བགྱིད། །
སེམས་པ་ཤོར་སོང་།
བརྩེ་སེམས་མོ་ལ་ཤོར་སོང་། །
ཕོར་གང་ཆང་འཐུང་ཤོར་སོང་། །
གོམ་གང་འཁྱག་འཁྱོག་ཤོར་སོང་། །
ཁ་ནས་མོ་མིང་ཤོར་སོང་། །