རེབ་ཐོག་མདའ
བརྒྱ་ཚོགས་སྟོང་འདུས་རྡ་སའི་རི་ནས་ཐོག་མར་འཕྲད་པའི་ཉིན་མོ་ནས།།
སེམས་ཚོར་ཟབ་མོའི་ཁ་བརྡའི་ཀློང་ནས་འགྲུལ་བཞུད་བྱས་པའི་སྔ་གཞུག་དེ།།
བུ་ཆུང་ཞིག་གི་སྙིང་ལ་འཁྲུངས་པའི་གངས་རིའི་བུ་མོ་ཉམ་ཆུང་མ།།
ཉིན་མཚན་གཉི་ཀའི་ངོགས་ན་དྲན་པའི་ཨ་མདོ་བུ་ངའི་དྲན་ཤིང་ཡིན།།
གཤིས་ཀ་འཇམ་པོའི་ཕྱི་ནང་དེ་ན་འགུག་ཤུགས་ཟབ་པའི་མཛེས་སྡུག་ཅིག།
ཁ་ལྕེ་དག་མོའི་ཁ་བརྡའི་ཀློང་ན་ཚོར་བས་བྲིས་པའི་ན་ཟུག་ཅིག།
ནོར་གླིང་རྡ་སའི་བར་ཐག་དེ་ན་དལ་གྱིས་སྨིན་པའི་བརྕེ་བ་ཞིག།
ལོ་དང་ཟླ་བའི་འདྲེས་མཚམས་དེ་ན་ཁྱོད་ཉིད་དྲན་པའི་གདུང་བ་ཞིག།
ཁྱོད་ལ་འཕྲད་པའི་གཏམ་རྒྱུད་དེ་ནི་ལོ་ངོ་གཅིག་གི་ཡར་སྔོན་རེད།།
འཛུམ་ཆུང་དྭངས་མོ་སེམས་ནས་བཞུར་བ་སྟེས་དབང་ཞིག་གི་གོ་སྒྲིག་རེད།།
ཟུར་མིག་ལན་གཅིག་ལྐོག་ནས་འཕང་བ་དུངས་པ་ཞིག་གི་ར་མདའ་རེད།།
ཡ་ཆུང་བྲང་ནས་བརྗེད་ཐབས་མེད་པ་ན་ཆུང་བུ་མོའི་སྣང་བརྙན་རེད།།
ཟླ་རེ་དུས་ཡུན་ཕར་ལ་བརྒལ་ན་མཐོང་འདོད་སེམས་ལ་རེ་བའི་གཟེར།།
མཚམས་རེར་རྡ་སའི་རི་སྒང་ཞིག་ནས་མིག་ཟུང་ཁྱོད་ཀྱི་ཕྱོགས་ལ་འཕངས།།
འོན་ཀྱང་ངེད་གཉིས་བར་ཐག་འདི་ན་གཟུགས་མེད་ཚོར་བ་གསོན་པོ་ཞིག།
ད་ལོའི་དགུན་ཁའི་སློབ་གསེང་སྐབས་སུ་ཁྱོད་ཀྱི་མིག་ནས་བདག་གིས་རྙེད།།
དྲ་རྒྱའི་ངོས་ནས་དྲན་གདུང་མ་ཁོག་དུངས་པའི་ཚིག་གསུམ་བསྐུར་ཏེ་ཡོད།།
གར་ཡོད་བུ་མོའི་རྒྱབ་གཟུགས་རབ་རིབ་མ་བསམ་དྲན་ངོགས་བརྐོས་ཏེ་ཡོད།།
ཁ་པར་སྐུད་སྣེ་ཁྱོད་ཕྱོགས་བཏེགས་དེ་ཁ་བརྡ་གློད་ན་བསམ་ནས་ཡོད།།
བུ་མོའི་ཞབས་རྗེས་གང་ལ་ཕབ་ཀྱང་མིག་ཟུང་མ་ལྷོད་འཚོལ་བཞིན་ཡོད།།
ལྷ་དང་བླ་མའི་གམ་ལ་བཅར་ན་སྨོན་ལམ་ཐོག་མ་ཁྱོད་ལ་ཤོར།།
དྲིན་ལྡན་ཕ་མས་མི་ཚེ་གླེང་དུས་བརྩེ་བའི་འདུན་མ་ཁྱོད་གཅིག་པུ།།
ཁེར་རྐྱང་གོམ་ཁ་གང་ལ་བསྒྱུར་ཀྱང་ཁྱོད་ཉིད་དྲན་པའི་སེམས་པ་འདིས།།
ཚེ་འདིས་དམིགས་པ་བསྐྱུར་དགོས་བྱུང་ཡང་ཁྱོད་རང་ཐོབ་ན་དེ་བས་ཆོག།
མཛངས་མ་ཞིག་གི་ནང་སེམས་བྲིས་པའི་ཁྱོད་ཀྱི་ལྷད་མེད་གཤིས་ཀ་དེ།།
མཛེས་མསའི་གཟུགས་ཀྱི་ལང་ཚོ་མེད་ཀྱང་བདག་ནི་ཁྱོད་ལ་ཧ་ཅང་དུངས།།
རེ་སྒུག་ལོ་ཟླ་གདོང་ལ་བབས་པའི་ན་ཚོད་ཅུང་ཙམ་ཡོལ་ན་ཡང་།།
དུང་བའི་བརྩེ་བ་ཁྱོད་ལ་བསྲིངས་པའི་བདག་ནི་ད་དུང་ཁེར་རྐྱང་ཡིན།།
ས་སྲོད་ཞིག་གི་ངོགས་ནས་དྲན་པའི་ས་མཐའི་བུ་མོ་སྙིང་སྡུག་མ།།
མི་རྐྱང་ཞིག་གི་འཚོ་བའི་ཁ་དོག་ཁྱོད་ལ་བྲིས་པའི་ཁ་སང་ནས།།
སྙིང་གཏམ་ཆུ་བོའི་རྒྱུན་ལ་འདྲེས་བཞིན་གཞིས་ཀ་གཅིག་གི་ནང་རོལ་ཏུ།།
ལས་དབང་ལྷ་མོའི་འཛུམ་ཆུང་དྭངས་མོ་ཚེ་འདིར་ཡང་ཡང་འབྲི་ན་བསམ།།
༢༠༡༣་ལོའི ༩ ཚེས ༢༤ ཉིན་ནོར་གླིང་ཉེ་འཁྲིས་ཀྱི་སློབ་གྲྭ་ཞིག་ནས་བྲིས།