རླུང་དམར།
རྒྱ་ནད་ཏོག་དབྱིབས་ནད་དུག་ཁྱབ་པའི་སྣེ།།
རི་གྲོང་རྡ་སའི་ནངས་དགོང་སྐྱ་ཟད་སྡུག།
ཕྱི་བཀག་ནང་བཀག་ཆེ་རུང་ཁྲིམས་སྲུང་ནས།།
དོ་ཕོག་འཚོ་བ་ཇེ་བཟང་ཇེ་བདེར་བསྒྱུར།།
མགོན་མེད་དཔུང་མེད་ཉམ་ཆུང་བཙན་བྱོལ་བ།།
ནད་དུག་གཡོལ་ཕྱིར་ཁྱིམ་སྡོད་ཟས་སྐལ་ཉུང་།།
ཁ་ཡོད་ལག་ཡོད་ཅན་གྱི་གྲྭ་རྐྱང་འདིས།།
ཟས་སྦྱིན་ལག་བསྲིང་ངོ་མཚར་རྫོགས་མེད་བརྟས།།
བོད་ཟས་བཅུད་ལྡན་རྩམ་པའི་རོགས་སྐྱོར་བསྐྲུན།།
ཕོ་མོ་དབྱེ་མེད་དབུལ་ཕྱུག་དབྱེ་མེད་ལ།།
འོས་མཐུན་ཕན་འདོགས་ཆད་མེད་བྱ་བཞིན་མཆིས།།
གྲྭ་བ་ཁོང་ནི་སྦྱིན་བདག་སེམས་དཔའ་ཞིག།
ནོར་རྫས་གང་མཁོ་རང་ནུས་ཅི་ལྕོགས་བགྱིས།།
དཀའ་ངལ་དུ་མ་སྲ་མཁྲེགས་ངང་གིས་དོར།།
ཉིན་རེར་མཚན་རེར་མི་མང་དོན་དུ་འབད།།
སེར་མོ་འདི་ལ་དཔང་བསྟོད་བླ་མེད་འཐེན།།
གངས་སྐྱིད་སྒྲིག་འཛུགས་ནང་གི་དཔོན་པོ་དེ།།
ནད་མནར་བྱུང་དུས་གྲག་མེེད་ཚོར་མེད་རེད།།
ཁ་ཚ་དགོས་གཏུག་ཡིན་ཡང་མི་མང་ལ།།
བཙུན་པ་འདི་ལས་གཞན་ཞིག་མ་མཆིས་སོ།།
སེར་སྣ་སྤུ་ཙམ་མེད་པའི་རབ་བྱུང་བ།།
རང་གཞན་ཡོངས་ལ་ཁ་ཡོད་ལག་ཡོད་གནང་།།
སྐྱེས་ཆེན་འདི་འདྲ་འཕགས་པའི་བདེན་བུ་ཡིན།།
ཁ་ཡག་མིན་པའི་ངོ་སོ་ཁྱེད་ལ་བསྟོད།།
གཉན་སྲིན་འཇིགས་པས་སྐྱེ་འགྲོ་མནར་ཡུན་ལ།།
གཅིག་ཕན་གཅིག་གྲོགས་ལྟ་བུའི་ལག་ལེན་བཟང་།།
ཐུ་བྷོད་རིགས་ལ་ལེགས་སྐྱེས་དོན་རེ་མཛད།།
ཁྱེད་ནི་དགེ་བའི་བདག་ཉིད་གཅིག་ཏུ་སྤྲུལ།།
ཟ་འཐུང་དཀོན་པའི་ཉམ་ཆུང་ཚེ་སྲོག་ལ།།
གང་ཡོད་ཅི་ཡོད་ཟས་ཀྱི་མཆོག་ཏུ་ཕུལ།།
སེམས་བཟང་ལག་བརྐྱང་དེ་ཉིད་མིག་དཔེ་ཞིག།
དགྱེས་བའི་མཆོད་སྦྱིན་བློ་བཟང་བླ་མས་བསྟན།།
ཁོང་ལྟ་སུ་ཞིག་མི་འདུག་ཨེ་མ་མཚར།།
གཉན་དུག་རིང་གི་གཉེན་པོར་མཁོ་བའི་རྒྱུ།།
ངལ་བ་གྲངས་མེད་ཕ་རིའི་གཏིང་རྒྱབ་མནན།།
ཡོད་ཡོད་ཐམས་ཅད་དགེ་རྩའི་དཔལ་ཡོན་ཤར།།
ཚད་མེད་སྙིང་རྗེ་ཡིད་ལ་བསྒོམ་བརྟག་པ།།
གཏོང་ཕོད་སྦྱིན་བདག་ཁྱེད་ནི་སེམས་དཔའ་ཞིག།
དྲིན་ཆེན་ཟེར་བའི་ལྷག་བསམ་འོ་མ་ཅན།།
བྷོ་ཊ་ཚང་གི་མཛེས་རྒྱན་གཅིག་པུ་ཡིན།།
རྒྱ་ནད་དེ་རྒྱ་ནག་གི་ཝུའུ་ཧན་ནསཐོག་མར་བྱུང་བ། དཀའ་ངལ་འཛམ་གླིང་མི་མངགིས་མྱངས།