མདའ་ཆབ་བྲག་པས།
ཁ་བ་ལེབ་མོ་ཡི་ཁྲོད་ན།
གནམ་མཐའི་སྐར་ཚོགས་ལ་ལྟ་བཞིན།
རྒྱང་བཞུད་བུ་ཆུང་ལ་དུངས་ནས།
དྲིན་ཆེན་མ་ལོ་ཡིས་བསྒུག་ཡོད།།
ལོ་ཟླ་འཁོར་འགྲོས་ཀྱི་དབུས་ན།
སྐྲ་ལོ་དུང་མདོག་ལ་འཁུ་པའི།
མ་ཎི་དབྱངས་རྟ་ལ་གྱེར་བཞིན།།
ཕ་ལོས་གཅེས་ཕྲུག་ལ་བསྒུག་ཡོད།།
རྫ་རི་མཐོན་པོ་ཡི་རྩེ་ན།
གཡང་དཀར་ལུག་ཁྱུ་དང་ལྷན་དུ།
ལྷོ་བྱང་སྤྲིན་དཀར་ལ་དུང་བཞིན།
སྙིང་གི་སྤུན་མཆེད་ཀྱིས་བསྒུག་ཡོད།།
སྔོ་ལྗང་སྤང་ཐང་གི་ངོས་ན།
ནོར་ནག་འབྲི་མོ་དེ་བཞོ་བཞིན།
ཤར་ཕྱོགས་ཉི་འོད་ལ་ཅེར་ནས།
བརྩེ་བའི་སྲིང་ཆུང་གིས་བསྒུག་ཡོད།།
བྱང་ཐང་མེ་ཏོག་གི་ཁྲོད་དུ།
རྟ་ཕོ་བང་རྩལ་ལ་འགྲན་གྱིན།
དྲི་ཞིམ་མེ་ཏོག་གི་མཐིལ་དུ།
རྫི་བོ་ཆུང་ཆུང་དེས་བསྒུག་ཡོད།།
སྦྲ་གུར་ཆེ་ཆུང་གི་འདབས་སུ།
འཇམ་པོ་ལྤགས་གདན་རེ་བཏིང་སྟེ།
ལག་ཟུང་འཁོར་ལོ་ལ་བྲེལ་བའི།
ཨ་ཞང་ཨ་ཁུ་ཡིས་བསྒུག་ཡོད།།
མཛེས་རིས་སྙེར་མ་ཡིས་བདས་པའི།
མིག་མཐར་མཆིལ་མ་ཡིས་ཁེངས་ནས།
སོར་མོས་ཕྲེང་རྡོག་རེ་བགྲང་བཞིན།
ཨ་ནེས་ང་རང་ལ་བསྒུག་ཡོད།།
ཀླུ་ཆུ་སྔོན་མོ་ཡི་བཞུར་སྒྲ།
དལ་གྱི་རྣ་བ་ཡིས་གསན་ནས།
མཁུར་ཚོས་བྱུ་དམར་ལ་འགྲན་པའི།
ན་ཆུང་ཚ་མོ་ཡིས་བསྒུག་ཡོད།།
ཆབ་བྲག་དབུ་རྩེ་ཡི་རྩེ་ན།
བསང་དུད་ཆིལ་ཆིལ་དུ་གཏོང་པའི།
ཀི་སྒྲས་གཞི་བདག་ལ་འབོད་ཀྱིན།
གཞན་སྐྱེས་ཚ་བོ་ཡིས་བསྒུག་ཡོད།།
རྫ་རི་སྨུག་པོ་ཡི་འདབས་ནས།
རི་གླུ་བྲག་ཆ་དང་སྡེབ་བཞིན།
ཆུང་འདྲིས་རྩེད་གྲོགས་ཀྱི་བུ་མོས།
མཇལ་འདོད་དུང་དུང་གིས་བསྒུག་ཡོད།།
༢༠༠༦ ༡༡ ༡༣ ཉིན་བྲིས།
གཞན་སྐྱེས་ལ་གཞོན་སྐྱེས་ཞེས་བཅོས་རོགས།
ཨ་དགའ་ཆབ་བྲག
ད་ཁྱོ་ལ་གཤོག་ཞིག་ཐེགས་ཡོད་ཚོད་ཡིན།
ཡུལ་བ་ལ་དཀྱི་ཞིག་རྒྱབ་ན་མི་སྲལ་འི་ནེ། མ་གཏོགས། ཁྱོ་ལ་སྒུག་ནས་སྒུག་ཚོད་ཞིག་མེད་ལ།
ལོ་ལོན་ཆ་བོས་ཅིག་བརྟན་གི་མེད་ཀི་ཡ།
སེམས་པ་དུང་དུང་གི་བར་ནས།།
མ་ལོའི་དུང་དུང་གི་མིག་ཟུང་།།
དགུང་སྔོནགནམ་ཁ་ལ་ཕྱོགས་ནས།།
དུང་དུང་བུ་ཆུང་ལ་ཅེར་ཡོད།།
དྲན་པ་ལྷང་ལྷང་གི་ངུ་སྒྲ།།
མཐོ་བ་སྤྲིན་པ་ལ་བསྐུར་ནས།།
རེ་ཐག་རེ་བ་ལ་འཇུ་བཞིན།།
དུས་ཀྱི་མདོ་ཁ་ན་ལངས་ཡོད།།