ཀླུ་སྨྱོན།
དྲ་ངོས་ནས་སེམས་གཏམ་བརྗོད་པ་དེས་ངའི་བླ་སྲོག་འཕྲོགས་སོང་བས།
ཡུན་རིང་ཞིག་ལ་ང་རང་གཤིན་པོ་ཞིག་གི་ཚུལ་དུ་གློག་ཀླད་ཀྱི་ཁ་གཏད་དུ་འགྱེལ་ནས་བསྡད་པ་ཡིན།
ཁྱེད་རང་རྡ་རམ་ས་ལ་རུ་ལང་ཚོ་དང་སྙན་ངག་གིས་སྐད་གྲགས་ཆེ་དུས་ཤིག་ལ།
ངས་རང་ལ་དབང་བའི་བརྩམས་ཆོས་དེབ་ཧྲུལ་འགའ་ཁྱེར་ནས་ནུབ་ཕྱོགས་སུ་སྤོས་ཤིང་།
དེ་དུས་ཁྱེད་ཀྱིས་ང་ལ་བཞག་པའི་བག་ཆགས་ནི་ཧ་ཅང་རབ་རིབ་ཅིག་ཡིན།
རྗེས་སུ་ཁྱེད་རང་ཡང་ནུབ་ཕྱོགས་སུ་བསྐྱོད་པའི་སྐོར་གྱི་གཏམ་ཡན་རེ་ཟུང་ཐོས་ན་ཡང་།
ང་རང་ས་འདིའི་ཡོད་ཚད་ལ་གསར་བ་གསར་རྐྱང་ཡིན་པ་ཙམ་ལས།
ངས་ང་དང་རྒྱང་ཐག་རིང་པའི་ཁྱེད་ལ་དོ་སྣང་ཅི་ཡང་བྱེད་མ་མྱོང་།
མུན་ཁྲོད་ཀྱི་མཆོད་མེ་བཞིན་འབར་བཞིན་པའི་དྲ་ངོས་ཤིག་ལས།
ཁྱེད་ཀྱི་ལང་ཚོ་དང་སྙན་ངག་གི་མཛེས་པ་ལྷན་ཅིག་ཏུ་ཉམས་སུ་མྱངས་པས།
དུས་དེ་ནས་བཟུང་ངའི་བླ་སྲོག་ལ་ཁྱེད་ཀྱི་ཞགས་པ་ཞིག་ཐེབས་སོང་།
ཡིན་ན་ཡང་།
སྟོང་བསམ་དེ་ནི་སྟོན་ལོ་སེར་པོ་ཞིག་དང་འདྲ་བས་དེ་ན་གཏམ་རྒྱུད་མོད་ཀྱང་རིན་ཐང་ཆུང་།
ལུས་སེམས་ལྷོད་ལ་བབས་པའི་ཉིན་ཞིག
ཁྱེད་རང་ཨ་རི་ལ་བསླེབས་པའི་སྐད་ཆ་ཞིག་ཐོས་ཤིང་།
སྐད་ཆ་དེས་དམག་འཁྲུག་ཅིག་བསླངས་བྱུང་།
དམག་འཁྲུག་དེ་ཆེ་རྒྱུ་མེད་ཀྱང་ངའི་དོན་ལྔ་སྣོད་དྲུག་ལས་ཁྲག་དམར་འཛག་དགོས་པ་ཞིག་བཟོས་སོང་།
སྤྱིར་ན་ང་ནི་ཁྲག་དམར་པོ་ཐིགས་པ་གཅིག་མཐོང་ན་ཡང་འདར་སིག་རྒྱག་པའི་མི་སྡར་མ་ཞིག་ཡིན་མོད།
ཐེངས་འདིར་ངས་རང་ལུས་ཀྱི་ཟུངས་ཁྲག་ཡོད་ཚད་འདི་ལྟར་བཞུར་ནས་རྫོགས་ན་སྙམ་པའི་འཁྲུལ་སྣང་ཞིག་ལ་རེ་སྒུག་བྱས།
འཁྲལ་འཁྲུལ་ནི་ནམ་རྒྱུན་སྟོང་བསམ་གྱི་སྔོན་འགྲོ་ཞིག་ཡིན་པས།
དེའི་ཀློང་ནས་ང་ལ་ཐོབ་རྒྱུ་ཅི་ཡང་མེད་པ་དེ་ཤེས་བཞིན་དུ།
ངས་རང་སེམས་སུ་འཁྲུལ་སྣང་གི་ཁྱིམ་གཞིས་དྲོན་མོ་ཞིག་བརྩིགས་ཤིང་།
ཁྱེད་རང་དེའི་བདག་མོར་གདན་འདྲེན་ཞུས་པའི་རྨི་ལམ་ཡང་རྫོགས་མེད་ཅིག་རྨིས།
དྲ་ངོས་སུ་སྙིང་གཏམ་མམ་སྡུག་གཏམ་རིང་པོ་ཞིག་བརྗོད་པའི་རྗེས་སུ།
ང་ལ་ཁྱེད་ཀྱི་ཕྱོགས་སུ་རང་ཉིད་རྨེག་མེད་དུ་བཏང་ཆོག་པའི་ངེས་ཤེས་ཤིག་སྐྱེས།
ང་ལ་ཁྱེད་ཀྱི་ཆེད་དུ་རང་སྲོག་ཀྱང་ཕངས་མེད་དུ་དོར་ཆོག་པའི་སྤོབས་པ་ཞིག་ཐོབ།
ངེད་གཉིས་འཇིག་རྟེན་གཅིག་ཏུ་འཚོ་ན་ཡང་།
ངེད་གཉིས་རྒྱལ་ཁབ་གཅིག་ཏུ་གནས་ན་ཡང་།
ངེད་གཉིས་མི་རིགས་གཅིག་ཏུ་གྲུབ་ན་ཡང་།
ངེད་གཉིས་ལས་རིགས་གཅིག་ཏུ་སྣང་ན་ཡང་།
ངེད་གཉིས་ལས་དབང་གཅིག་གིས་སྦྲེལ་ན་ཡང་།
ངེད་གཉིས་ཀྱི་བར་ཐག་འདི་ནི་ཇི་འདྲས་རིང་བ་ལ་ཨང་།
ལོ་ཚོད་དང་ལང་ཚོ།
སེམས་ཁམས་དང་དམིགས་ཡུལ།
འདི་དག་ནི་མིའི་རིགས་ཀྱི་བརྩེ་བ་ལ་བར་ཐག་བཟོ་བའི་རྩིགས་པ་མཐུག་པོ་དག་དག་ཡིན་ལ།
འདི་དག་གིས་ཤི་ལམ་དུ་བརྫངས་པའི་མི་བུ་རེ་རེ་བཞིན་ང་ཚོས་ནམ་ཡང་བརྗེད་ཐབས་མེད།
ཡིན་ན་ཡང་།
ངས་ནམ་ཡང་རང་གི་ནག་ནོག་གིས་མ་གོས་པའི་བརྩེ་དུང་གི་ཁ་བཏགས་དཀར་པོ་འདི་མཐོ་རུ་བཏེགས་ནས།
མི་ཚོགས་ཀྱི་འཚང་ཁ་ཆེ་བའི་མི་ཚེ་ཡི་འབབ་ཚུགས་དེ་ནས་ཁྱོད་ལ་བསྒུག་ངེས་ཡིན།
གལ་སྲིད་ང་ལ་ཁྱེད་ཐོབ་ན།
ངས་རང་ཉིད་ཀྱི་སྙན་ངག་ལ་བཅངས་པའི་བརྩེ་བ་དེ་དང་ཁྱེད་གཉིས་མཉམ་དུ་བསྲེས་ཏེ།
རིང་ལ་ཐུང་པའི་མི་ཚེ་འདི་ལ་ཚོན་མདངས་མཛེས་པོ་ཞིག་འབྱུག་ངེས་ཡིན་ལ།
ངས་རང་གི་སེམས་གཏིང་ནས་འབུས་བཞིན་པའི་སྙིང་རྗེ་ཡི་ས་བོན་ཆུང་ཆུང་དེ་གཉོར་སྐྱོང་བྱས་ནས།
འཁོར་བ་མ་སྟོངས་བར་དུ་ཁྱེད་དང་མི་འབྲལ་བའི་སྨོན་ལམ་འདེབ་ངེས་ཡིན།
སྟོན་པ་སངས་རྒྱས་ཀྱིས་ལོ་ངོ་ཉིས་སྟོང་ལྔ་བརྒྱའི་གོང་དུ་དྲི་མ་མེད་པའི་ལེགས་བཤད་ཅིག་གསུངས་པ་སྟེ།
སེམས་ཀྱི་རང་བཞིན་འོད་གསལ་བ། །
དྲི་མ་རྣམས་ནི་གློ་བུར་བ། །
གསུང་ཚིག་འདི་ཧ་ཅང་ཐུང་ན་ཡང་།
ཚིག་རྐང་འདི་གཉིས་ཁོ་ན་ལ་བརྟེན་ནས།
ངེད་ཅག་འཁོར་བ་པ་རྣམས་ལ་མཚོན་ན།
རང་སེམས་མི་སྐྱིད་པའི་དུས་ཚོད་རེ་ནམ་བྱུང་ན་ཡང་།
སང་ཉིན་ནི་ནམ་ཡང་མཛེས་སྡུག་ལྡན་པ་ཞིག་ཡིན་པ་དང་།
སྡུག་བསྔལ་དང་བདེ་བ་གཉིས་ནི་ནམ་ཡང་མི་འབྲལ་བའི་གྲོགས་པོ་ཡག་ཤོས་དེ་ཡིན་པའི་ངེས་པ་རྙེད་ཐུབ་ཅིང་།
རང་ཉིད་ལ་གཅེས་པའི་མི་ཞིག་དང་ནམ་ཡང་ཁ་འབྲལ་མི་རུང་བ་དང་།
རང་སེམས་ལ་བདག་པའི་དངོས་པོ་དེ་ཉིད་ནམ་ཡང་འདོར་མི་ཉན་པའི་གཏན་ཚིག་ཅིག་ཀྱང་སློབ་ཐུབ་ཨང་།
སྤྱིར་ན་འཁོར་བ་འདི་ནི་ཇི་འདྲའི་གུ་དོག་པོ་ཞིག་དང་།
ཇི་འདྲའི་ཡི་མུག་པ་ཞིག་ཡིན་ན་ཡང་།
སྡུག་བསྔལ་ལས་བདེ་བ་རྙེད་ཐུབ་པ་ནི་འཁོར་བ་འདིའི་ཁྱད་ཆོས་ཡིན་ཞིང་།
ཚོར་བ་དང་ཚོར་བ་བརྡར་ན་བརྩེ་དུང་ཞེས་པའི་དྲི་མེད་ཀྱི་མི་ཚེའི་གཞུང་རྟ་ཞིག་ཀྱང་རྙེད་རྒྱུ་ཡོད་ལ།
དུང་བ་དང་དུང་བ་གཤིབས་ན་བདེ་སྐྱིད་ཅེས་པའི་ཚེ་སྲོག་གི་ཐོན་རྫས་ཤིག་ཀྱང་ཐོབ་རྒྱུ་ཡོད་པ་དེ་ཤེས་སམ།
ངའི་སྙིང་དབུས་ན་མཛེས་སྡུག་འབར་བཞིན་པའི་གཞོན་ནུ་མ་ཀྱེ།
ངའི་སེམས་གཏིང་ན་དྲག་ཏུ་འཕྱུར་བཞིན་པའི་དུང་སེམས་ཀྱི་རྒྱ་མཚོ་ལགས།
ངའི་བྲང་གཞུང་ཡངས་པོ་འདི་ནི་དྲོད་ཁོལ་གྱི་དག་ཞིང་ཞིག་དང་།
ངའི་གཤིས་ཀ་འཇམ་པོ་འདི་ནི་ཚེ་གཅིག་གི་སེམས་རྟེན་ཞིག་ཏུ་སྒོམས་རོགས།
ཨ་ཡ་ཡ་ཡ་ཡ། དེ་རིང་བྲིས་པའི་སྙན་ངག་ཡིག་ན་བརྩོག་ངག་ཡིན་ན་འདིས་ངའི་དོན་སྙིང་སྣོད་དྲུག་ས་ལ་དྲོན་མོར་གཡུགས་སོང་། མིག་མཐར་མཆི་མ་འཁོར་བས་གློག་ཀླད་ངོས་ཀྱི་ཡིག་འབྲུ་རྣམས་ཀྱང་རབ་རིབ་ཏུ་གྱུར། འཇིག་རྟེན་ན་ཆེས་རིན་ཐང་ཆེ་བའི་མི་ཤེས་རབ་ཅན་རྣམས་ཀྱི་བསམ་དོན་ཡིད་བཞིན་འགྲུབ་པར་ཤོག སྲིད་ན་དཀོན་པའི་བུད་མེད་དམ་པ་ཞིག་གིས་འདི་མཐོན་ན་ཡོད་ཚད་་་་་་་་་་་་་་་་
ནག་ནག་གིས་མ་ལྷད་པའི་སྙན་ངག་པའི་སེམས་ཁམས་དྭངས་མ་འོ་མ་བཞིན་དགུང་དུ་མཆོད་ཅིང་།
འགྲོ་བ་སྤྱིར་ལྷན་སྐྱེས་སུ་ཡོད་ཅིང་ཆེས་གཏིང་རིང་དུ་བཞག་པའི་བརྩེ་དུང་གི་རིན་ཐང་དེ།
ལོ་ཤས་ནས་བཟུང་སྔར་ལས་ཀྱང་མཐོ་ནས་མཐོ་རུ་འདེགས། ནང་ནས་ཕྱི་རུ་འདོན།
འོན་ཀྱང་། མི་ལོ་བཞི་བཅུ་ལྷག་ལ་བཅས་ཁྲིམས་ཀྱིས་དམ་དུ་བཅིངས་པའི་གླ་རྩི་ཟླུམ་པོ་དེ།
ཐོད་པ་ཐང་དུ་མ་བཞག་པར་དང་། ཡང་ན་ངེས་ལེགས་ཀྱི་གོ་འཕང་མ་ཐོབ་པར།
རང་བྱུང་རྗེན་གཅེར་གྱི་བྷ་གའི་དབྱིངས་ན་གཏན་དུ་མི་ཟག་པར་སྨོན།
ཨོ་རེད། ཨ་ཁུ་ཀླུ་སྨྱོན་ལགས། གོང་དུ་བཞག་པའི་རྒྱ་ཧྲང་མ་དེའི་པར་བཀོག་ནས་བོད་མོ་མཛངས་མ་ཞིག་གི་པར་བཞག་ན་ལྷག་དུ་སྙན་ངག་ལ་བྲོ་བ་ཆེ་ས་རེད་གོ། ཁྱེད་ཀྱི་རྟོགས་བཏགས་དང་སེམས་ཁམས་ཀྱིས་བསྐྲུན་པའི་བོད་མོ་དེ་རང་བཞག་ན་ག་འདྲ་འདུག ཧཧཧ ཨ་ལ་ཤང་བ་རྩེད་ནི་ཡིན། དེ་འདྲའི་སྨྱོ་རྟགས་རང་བསྟན་མི་ཉན་ཡ།
ཡེ་ཤེས་ཟེར་བ་དེ་ཀླུ་སྨྱོན་ཡིན་དབང་དུ་བཏང་ན། ཁ་བརྡའི་ངོས་ནི་རང་ཉིད་ཀྱི་ཉིན་དེབ་མིན་པ་མཁྱེན་པ་དགོས་ཀྱི་རེད། སེམས་ལ་ཤར་ཚད་ཡི་གེར་བྲིས་ན་ཆོག་མོད། སྤྱི་ཚོགས་ཀྱི་སྡིངས་ཆར་གྱུར་བ་ཞིག་གི་སྒང་ལ་གོ་སྐབས་འདྲ་བླངས་ནས་ཡོད་ཚད་བླུགས་བཞག་ན་འོས་མིན་ཀུན་གྱིས་མཁྱེན་གསལ་རེད།
སྔ་མོ་བོད་ནས་སྦྲང་ཆར་སྟེང་རྩོམ་གཅིག་བཀོད་རྒྱུར་དཀའ་ལས་ག་ཚོད་རྒྱག་དགོས་མིན་དང། རྩོམ་ཡིག་གང་རུང་ཞིག་བཀོད་མཚམས་དགའ་སྣང་ག་ཚོད་སྟེར་གྱི་ཡོད་མེད། མདོར་ན་རྩོམ་ཡིག་དེ་བཀོད་པས་སྤྱི་ཚོགས་ཀྱིས་ཀྱང་དེ་ལ་འོས་འཚམས་ཀྱི་གདེང་འཇོག་བྱེད་པ་ཞིག་ཡོང་གི་ཡོད་པ། རྩོམ་སྒྲིག་པ་རྣམས་ཀྱིས་དཔྱད་ཞིབ་ཞིབ་བསྡུར་ག་ཚོད་ཅིག་བརྒྱུད་དགོས་མིན་གཅིག་མཚུངས་དགོས་ཀྱི་རེད་ཟེར་གྱི་མེད་མོད། ཅུང་ཙམ་འདང་བརྒྱབས་ནས་བཀོད་ན་འོས་པར་མཐོང།
རང་ཉིད་བོར་སོང་བི་མི་བུ་ཚོ།
རང་ཉིད་མ་རྙེད་པའི་མི་བུ་ཚོ།
སོང་ས་བསྡད་ས་ན་ཅི་ཞིག་ལུས་འགྲོ་བ་ཆོས་ཉིད་དུ་གྲུབ་པའི་ཁྱོད་ཚོ།
མཐོང་ས་བཤད་ས་ནས་རྐུ་ལ་ཤོར་བ་རང་གཤིས་སུ་གྲུབ་པའི་ཁྱོད་ཚོ།
བླ་སྲོག་དང་རྐང་མར་གྱིས་དབུལ་སོང་བ་ཡིན་ནམ།
འགུག་ཤུགས་དང་མངར་ཁ་དེ་དག་བཙན་དྲགས་པ་རེད་དམ།
ངོ་མ་མི་ཤེས། ཆགས་པ་ཆེ་དྲགས་པས་ཡིན་ནམ། ཆབ་སྲིད་ཀྱི་གོ་རྟོགས་ཉུང་དྲགས་པས་ཡིན། གང་ལྟར་ང་ནི་ཁ་བརྡའི་དྲ་ངོས་སུ་འཛུལ་བའི་གོ་སྐབས་རེ་ལེན་སྐབས་ཨ་ཁུ་ཀླུ་སྨྱོན་གྱིས་བཞེངས་པའི་རྟོག་བཏགས་ཀྱི་རྩོམ་ཡིག་རྣམས་ཆད་ལྷག་མེད་པར་ཀློག་འདོད་ལས། བློ་སེང་དང་བཀྲས་མཐོང་། ཀླུ་བྱམས་དང་ཟླ་ཚེ་སོགས་བཀའ་སྤྱིའི་འོས་གཞིའི་ཁྲོད་སྐབས་ཡན་དུག་འབུ་མང་པོས་གཏམ་ཉོག་སྤེལ་བ་རྣམས་ཀྱི་རྩོམ་བྱང་ཙམ་ལས་ཀློག་གི་མེད། རྒྱུ་མཚན་ནི་རྒྱ་ནག་གི་ཁྲིམས་འོག་ནས་སྨྲ་བརྗོད་རང་དབང་དང་། ཆོས་དད་རང་མོས། ཡང་བོད་རང་བཙན། ཡང་ན་དབུ་མའི་ལམ་སོགས་ཕྱི་ནུར་དང་ཕྱི་ནུར་བགྱིས་ཏེ། དགུ་ལུང་དགུ་དེད་པའི་མགོ་ནག་བོད་པ་ཚང་ཚིག་ཁྱིམ་ནང་དུ། གནའ་ནས་ད་བར་བཀྲ་མ་ཤིས་པ་སྐབས་འཚོལ་རང་ལུགས་པ་མང་པོ་ཞིག་ཡོང་གི་འདུག་ལ། ཁོ་ཚོས་བཏང་བའི་དྲ་ངོས་ཀྱི་སྐྱག་འབུ་དེ་དག་གིས་ས་མཐའི་མྱི་རྒན་ལ་རང་སེམས་སྡུག་གསོག་པའི་གཞི་ལས་མ་འདས་པས་ཀློག་འདོད་ཅིག་ངོ་མ་མེད་ཀི། གང་ལྟར་ཀླུ་སྨྱོན་ལགས། ཁྱོད་ཀྱིས་མུ་མཐུད་དེ་བཏུས་པའི་རྩོམ་ཡིག་གི་ལྗང་ལོ་དྲ་ངོས་སུ་སྤེལ་བ་ནི། ས་མཐའི་རྒན་པོ་ང་ལ་འཆི་ཁའི་རྒྱགས་རྟེན་ཞིག་དང་མཚུངས།
ལ་རྩེ་ཚང་གི་”སྙིང་གི་ཚིལ་ལུའི”དགའ་རྟགས་ཀླུ་སྨྱོན་ལ་ཕུལ་ན་འགྲིག་གི། ངོ་མ་ཡིན། ད་ཐེངས་ཨ་ལགས་ཚང་གིས་སྙན་ངག་གློག་བརྙན་བཞིན་མིག་ལ་བཞེངས་བཞག་ཡོད་ཐལ།
ཆུ་ངོགས་གཏམ་རྒྱུད་ལས།
ཁེ་གྱོང་ཕྲན་བུས་དམ་ཚིག་ཉམས་གྱུར་ན།།
མཛའ་མཐུན་དམ་ཟབ་ཟེར་བར་སྙིང་པོ་ཅི།།
རྒྱུན་དུ་ལར་ཞེན་ངོ་མ་མེད་པས་ན། །
འགག་རྩར་ཤི་གསོན་མཉམ་བྱེད་ག་ལ་ཐུབ། །
ངས་སྙན་རྩོམ་འདི་ཚར་བརྒྱ་ཕྲག་འགའ་བཀླགས་ལ།
ངའི་ཡིད་ཀྱི་དུང་བ་ཡོད་ཚད་ཁོང་གིས་འཕྲོགས།
ཀློག་རེ་བཞིན་ངའི་མིག་བཀུང་ལས་མིག་ཆུ་ལྷུང་ལྷུང་བབས།
ཁོང་གིས་ང་ལ་འདི་འདྲ་ཞིག་སྦྱིན།
དཀོན་མཆོག་དང་ལས་རྒྱུ་འབྲས་ཟེར་བ་དེ།
རང་སེམས་ན་ཡོད་ཟེར།
ངས་ཨུ་ཚུགས་ཀྱིས་རང་ལ་སྙིང་སྟོབས་སྦྱིན་ནས།
ཀི་ཤར་ལན་གསུམ་བྱས།
སྐབས་དེར་ངས་དྲན་པ་གསལ་སོང་ལ།
ཁོང་གིས་མིག་ཆུ་གཏོང་བཞིན་ང་ལ་གཟིགས་བྱུང་།
བོད་ཀྱི་ཕོ་གསར་གྱི་སྐད་ཆ་དེ་ངས་སེམས་ལ་འཛིན་གི་ཡིན། ཡིན་ན་ཡང་སྙན་ངག་ཆལ་ཆོལ་འདི་ཚོ་སྤེལ་མཚམས་བཞག་པའི་ཉིན་མོ་དེ་ནི་ཀླུ་སྨྱོན་འཆི་བའི་ཉི་མ་དེ་ཡིན་ཞེས་ངས་ཚིག་ཐག་བཅད་ནས་བརྗོད་ཀྱི་ཡིན།
ཁ་སྔོན་ཚེ་རིང་སྐྱིད་ཀྱིས་གཙོ་སྐྱོང་གནང་བའི་དྲ་སྣང་གི་བོད་ལེ་ཚན་ལས་སྐད་ཆ་འགའ་བཤད་པ་ནས་ཁྱོད་ཇེ་ངར་ལ་བུད་ཐལ། གོང་གི་སྐད་ཆ་འདི་ཡང་ཧ་ཅང་བློར་འབབ་ཀི
སྙན་ངག་ཟེར་ནོ་ཆུ་བཞུར་བཞུར་བྱས་ར་ངས་དཔྱད་བརྗོད་འབྲི་མི་ཤེས་རུང་ནམ་རྒྱུན་བཀླགས་དང་ཀློག་གིན་ཡོད།
ཡེ་ཤེས་ཀླུ་སྨྱོན་ཟེར་བ་དེ་ཡིན་པར་ར་འཕྲོད་སོང། ཡིན་ཡང་སེམས་ལ་འཛིན་ཚུལ་དེ་དོན་དངོས་ང་མ་ཤི་ན་ཡོང་ཐུབ་ཡོད་པ་མ་རེད་ཅེས་གསུངས་འདུག་པས། མ་ཤི་བར་དུ་འབྲི་རྒྱུ་སོ་སོའི་འདོད་པ་ཡིན་ཡང། བྲིས་པའི་ནང་ནས་ཡག་ཤོས་དྲ་ངོས་འདིར་བཀོད་ཀི་ཡིན་གསུངས་ན་ཅུང་བཟང་སྤྱོད་དང་མཐུན་པར་སེམས། དགོངས་འགལ་བྱུང་ན་བཟོད་གསོལ་ཞུ་རྒྱུ་ཡིན། རྗེས་སུ་ཅང་ལབ་མི་ཡོང་ངོ།། ཁ་བྲོ།།
གླ་མེད་རྩོམ་འབྲི་ལ་དགའ་བ་གོམས་འོས་པ་ཞིག་མིན་ནམ། མུ་མཐུད་དགོས་ཏེ། མང་པོ་ཞིག་ལ་ཕན་སྲིད་པའི་ཕྱིར་རོ། །
རབ་འབྱམས་པས་གསུངས་སྟངས་ལ་གཞིགས་ན། ང་བོད་ཀྱི་ཕོ་གསར་ཅིག་འགྲིག་མེད་པ་འདྲ། དྲ་ངོར་འདི་ནས་སྐུ་ཉིད་ཀྱིས་འགན་ཞིག་བསྣམས་ནས་མཆན་བཏབ་པ་ཉུང་ཉུང་མིན་པས། རྗེས་སུ་ངས་དེ་འདྲ་ལབ་མི་ཡོང་ཐག་ཆོད་ཡིན། རབ་འབྱམས་པའི་དགོངས་གཞི་ལྟར་རོ།
ཚེ་རིང་སྐྱིད།
བརྩེ་དུང་གིས་རྨས་བའི་ཀླུ་སྨྱོན་ལ་སྙིང་རེ་རྗེ།
འཕྱན་མ་ཞིག་གིས་ཟུར་མིག་ལ་སེམས་པ་ཤོར་ན།
དེ་ནི་རང་ཉིད་རང་གིས་དཔྱང་ལ་བཏགས་པ་ལས་ཅི་ཡོད།
འཕྱན་མ་མིན་པའི་འཕྱན་མ་འདི་ཚོ་ལ་ཁ ངོ་དགོས་ལ་ཁེ་གྲགས་ཀྱང་དགོས།
ཀློས་༼ཁྱེད་ཀྱི་ཕ་ཡུལ་ཀློས་ཚང་ནས་ཡིན་པས་ངས་ཀྱང་དེ་ལྟར་བྲིས་པ་ཡིན།༽སྨྱོན་ལགས།
དཔྱང་ཐག་འདི་སྐེ་ལ་མ་གོན་ནས་ཀློས་རྟགས་མ་སྟོན་ཨང་།
སྐེ་ལ་གོན་ནས།
གཞན་པ་ལ་སེམས་པ་ཤོར་ན་དེ་ཁྱེད་ཚོས་ཤོར་མི་ཆོག་པ་ལྟ་བུ་བཤད་པར་སྙིང་པོ་ཁྱོན་ནས་མི་འདུག
ཕུར་བ་སྐྱབས་ཟེར་བ་ཀྱེད་ཀྱིས་སེམས་ཤོར་བུ་མོར་ཁྱེད་ཀྱིས་ལྷ་མོར་བརྩི་ཆོག་ཀྱང་གཞན་གྱི་སེམས་ཤོར་བུ་མོ་དམའ་འབེབས་བྱེད་པ་ནི་ཁྱེད་ཉིད་གླེན་པ་ཡིན་པའི་རྟགས་རེད་དོ
གོང་གི་མ་རྩ་བརྩོམས་དང་ གཞན་དག་གིས་དཔྱད་བརྗོད་བྱས་པའི་ལས་རིགས་ལ་མུ་མཐུད་དུ་བྲོ་བ་མྱོང་ཡང་། དོན་དངོས་དོན་གྱིས་རྒྱགས་ཕྱེ་གང་ཡང་སྤྲོད་མི་ཐུབ་པ་དང་མ་ཟད།
འདི་ལྟར་དུ་གསོན་པོ་ལ་ཉིན་རིང་ཞིག་འཇུག་པ་ལས།
ཡུན་མི་རིང་བ་འཇིག་རྟེན་གཞན་ཞིག་ལ་འགྲོ་བ་དེ་ཤིན་ཏུ་དགའ་བ་འོས་པའི་གནོད་དོན་ཞིག་གོ།
དྲ་གྲོགས་རྣམ་པ་ད་གནས་སྐབས་བདེ་མོ་བྱོས།
———–ཞེས་ཤར་སྙུག་གིས། 2018/01/14