བོད ལྷ་ཀླུ་གཉན་གསུམ།
དེང་སང་བོད་ཀྱི་གཞིས་ཡུལ་གཉིས་པ་ན།།
གཞིས་ཡུལ་གསུམ་པ་ཞིག་ལ་སྨོན་མཁན་གྱི།།
སྐྱ་སེར་དཔྱེར་མེད་རྡ་སའི་ནགས་ཀློང་དུ།།
རང་སྐད་བཞག་ནས་གཞན་སྐད་ཁོ་ནར་འཐམ།།
བྱིས་པའི་ངག་ན་ཨེས་ལོ་སྒྲོ་ལོར་འདོན།།
གཞོན་པའི་ངག་ན་ཕྱི་ཡུལ་ཕོ་མོ་བརྩོད།།
རྒན་པོའི་ངག་ན་སྤྱིན་བདག་བུ་རྒྱུད་གླེང་།།
བར་ན་དོ་ན་མི་རིགས་རང་གཤིས་བརྗེད།།
རྒས་དང་འཆི་བའི་རྨི་ལམ་སྔ་ནས་བོར།།
ལས་དང་རྒྱུ་འབྲས་བག་ཆགས་གཏིང་ནས་བཤིག།
ཆུང་དང་ཆེ་བའི་བརྩི་བཀུར་རྩྭ་བཞིན་སྤུར།།
བོད་ཀྱི་མི་གཤིས་བཟང་བོ་ཁ་འདོན་ཙམ།།
བོད་ཀྱི་སྐད་ཡིག་གླེང་བའི་ཚོགས་པ་མང་།།
ཕྱི་བསྐྱོད་ལམ་ཁ་འཚོལ་བའི་འཐེམ་སྐས་རེ།།
རེག་པའི་རྗེས་སུ་རང་གི་བླ་རྐང་ཡང་།།
འཚོ་བ་སྐྱུར་མོ་ཞིག་གི་མགྲོན་དུ་བརྫངས།།
སུམ་མདོ་ཡོད་ཚད་རྒྱ་བོད་དབྱིན་གསུམ་འདུ།།
ཕྱི་རྒྱལ་མི་རེ་རྗེས་སུ་རྒྱ་བོད་ཀྱི།།
ཕོ་གསར་མོ་གསར་རེ་ཡི་སེམས་པ་རེ།།
དངུལ་དང་འཚོ་བའི་ཆེད་དུ་འདུར་བཞིན་ཡོད།།
ཕར་ལ་འདུར་ན་ལུགས་དང་འགལ་ཡོད་མེད།།
ཚད་མའི་རིག་ལམ་དཔྱད་པ་མ་བྱས་ཀྱང་།།
ལས་ངན་མི་རིགས་ཤིག་གི་འཆི་གསོན་ཁྲོད།།
བསམ་བློ་ཞིབ་དུ་ཐོངས་ལ་རང་ལ་ལྟོས།།
ང་རང་འགྲིམ་པའི་ལམ་ཁ་དོག་ན་ཡང་།།
ང་ཡི་མཐོང་བའི་ལམ་ཕྲན་ཀྱོག་ས་ནས།།
ང་དང་འདྲ་བའི་རིགས་གཅིག་སྤུན་ཟླ་ཚོར།།
ང་ཡི་སྡེ་ལ་སེམས་ཀྱི་གླུ་འདི་ཤོར།།
དྷ་ས་ནི་བོད་རིགས་རྣམས་ཀྱི།
ལྷ་ས་མ་རེད་དྷ་ས་རེད།
སྐྱེས་ས་མ་རེད་སྡོད་ས་རེད།
རང་ས་མ་རེད་གཞན་ས་རེད།
གནས་ས་མ་རེད་འགྲོ་ས་རེད།
ཡུལ་མི་བོད་རིགས་གཅིག་འདྲེས་ཤོག
དྷ་སའི་ཕྱི་ནང་མི་ལོ་བཅུ་གསུམ་བསྡད།།
རང་སྐད་ཁོ་ན་སྤྱད་དེ་འཚོ་བ་བསྐྱེལ།།
དབྱིན་སྐད་ཟ་སྐོར་ཙམ་ཡང་མི་ཤེས་པས།།
ངས་ནི་ཁྱོད་ལ་ལེགས་ཟེར་མི་ཐུབ།།
ཁྱོད་དྷ་ས་ནས་སྐྱིད་པོ་ཨེ་རེད། གྲོགས་པོ་ཚོར་ཐུག་དང་ངམ། གུང་སེང་སྐྱིད་པོ་ཞིག་བྱོས། རང་སྐད་འདོད་ལ་ཞིག་ཤོད། ཕྱིར་སོང་ན་རང་སྐད་སྤྱོད་ས་དང་སྐྱིད་པོ་བཤད་ས་དཀོན་ནི་རེད།