གླིང་ཚ་ཚེ་བརྟན་རྡོ་རྗེ་ནས།
་་་་་་་་་་་་་་་་་་་་་་་་་་་་་་བདེན་པའི་ཆེད་དུ་རང་ཉིད་ཀྱི་ཚེ་སྲོག་དེ་ཡང་དོར་འོས་པ་ཡིན།
བོད་མི་མི་རེ་ངོ་རེ་ནས་རང་ཉིད་བོད་མི་ཞིག་ཡིན་པ་དྲན་དགོས་པ་དང་། བོད་མི་རིགས་ལ་འགན་ཡོད་པའི་མི་ཞིག་དུ་བསམ་ཐུབ་པ་དང་རང་ཉིད་བོད་མིའི་སྐྱིད་སྡུག་མཉམ་མྱོང་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པའི་ངེས་ཤེས་ཤིག་རྙེད་རྒྱུ་དེ་ནི་ད་ལྟའི་འཆར་བོད་མི་རིགས་འདི་ཉིད་ཤིོ་ལམ་ནས་གསོན་ལམ་དུ་བཞེངས་པའི་ཐབས་ལམ་དེ་ཡིན།
གལ་སྲིད། མི་རེ་རེ་ནས་ང་ལ་ནུས་པ་གང་ཡང་མེད། ང་མི་གཅིག་གིས་གང་ཡང་བྱེད་མི་ཐུབ། ང་ལ་དེ་ཡི་སྙིང་སྟོབས་མེད་ཅེས་རང་རང་ནས་རང་རང་ལ་དགོངས་པ་སྤྲད། རང་རང་གིས་རང་རང་ལ་སྐྲག་སྣང་བསྐུལ། རང་རང་ནས་རང་རང་ནུས་མེད་དུ་སྒྲུབ་པ་ཡིན་ན། མི་འདིའི་རིགས་ཀྱིས་བོད་དོན་འཁྱོངས་མི་སྲིད་ལ་སྒེར་དོན་ཡང་ཁག་པོ་ཆགས་ཀྱི་ཡོད། དེ་བས་ཀྱང་རང་ཉིད་བོད་མི་ཞིག་ཡིན་པ་ཡང་བརྗེད་ནས་འགྲོ་བཞིན་ཡོད་ལ། དྲང་བདེན་ཟེར་བ་དེ་ཡང་རང་གི་ཚེ་སྲོག་ལས་ཀྱང་རྩ་ཆེ་བ་དང་རིན་ཐབ་བྲལ་བ་ཞིག་ཡིན་པ་བློ་ཡུལ་དུ་ཤར་ཐུབ་ཀྱི་མེད།
ད་ལྟའི་དུས་ཚོད་འདི་ནི་བོད་མི་དག་གིས་གཅིག་གཅིག་ལ་འདི་བྱེད་ཀྱི་མི་འདུག གཅིག་གིས་འཇོན་གྱི་མི་འདུག་ཟེར་བའི་དུས་ནི་མ་ཡིན་པར། གཞིས་ལུས་མི་མང་ལ་དེ་འདྲའི་སྡུག་པོ་ཞིག་གཏོང་གི་ཡོད་པ་དེ་ལ་ང་ཚོ་བྱེས་བསྡོད་བོད་རིགས་སྤུན་ཟླ་མི་རེ་ངོ་རེ་ནས་གང་བྱེད་ཐུབ་པ་དང་གང་བྱེད་དགོས་པ་དང་། གང་ཞིག་ནུས་པ་ཐོན་པ་དང་། མ་སྒྲུབ་ཐབས་མེད། སྒྲུབ་ན་གཞིས་བྱེས་གཉིས་ཀྱི་འདོད་བློ་ཚིོམས་པ་ཞིག ནམ་ཡང་བློ་འགྱོད་མེད་པ་ཞིག མཐུན་ལམ་རྡོག་རྩ་གཅིག་དུ་སྒྲིལ་བའི་ནུས་ཤུགས་ཆེ་རུ་བཏང་ནས་བོད་མི་རིགས་ཀྱི་མི་རབས་རྗེས་མ་དག་ས་སྒང་འདི་ནས་འགོ་ཡར་བཀྱགས་དེ་འགྲོ་ཐུབ་པ་ཞིག་བྱེད་ཐུབ་ཀྱི་ཡོད་མེད་ཐད་དུ་གྲོས་བྱས། ལག་ལེན་ངོས་ལ་སྤྱི་སྒེར་སུས་འདེབས་ཀྱི་འདུག་བལྟ་དགོས་པ་ལས། ནང་ཁུལ་ལ་ཁྱོད་ཀྱིས་གང་ཡང་བྱས་མ་སོང་། ངས་ཀྱང་འཇོན་པ་མི་འདུག་ཟེར་ནས་བསྡད་པ་ཡིན་ན། རང་གཞན་གཉིས་ཀྱི་སྐྱོན་ཆ་ལས་གཞན་གང་ཡང་མེད་ལ། འཐུས་ཤོར་ཟེར་ན་དེ་ལས་གཞན་ཞིག་གང་ཡང་མེད།
བྱེད་མཁན་དག་གིས་སེམས་ཤུགས་སྔར་ལས་བརྟན་དུ་དང་། བློ་རྩེ་འགྱུར་མེད་དང་ལྷག་བསམ་ལྷད་མེད་ཀྱིས་བྱེད་དགོས་པ་དང་། དགོས་ཁ་དང་མིང་དང་སྙན་གྲགས་གོ་གནས་སོགས་ལ་མི་བསམ་པར་ཧུར་བརྩོན་གནང་དགོས་ཀྱི་ཡོད།
བྱེད་མི་ཐུབ་མཁན་རྣམས་ཀྱིས་བྱེད་མཁན་དག་ལ་ཁ་བརྡུང་གཏོང་བ་ལས་རང་ཉིད་ནས་ད་ལྟའི་བར་དུ་གང་ཞིག་བྱས་ཡོད་མེད་དང་སྔོན་ཆད་མ་བྱས་ཀྱང་ཕྱིས་སུ་ངས་ཀྱང་རང་མི་རིགས་ཀྱི་ཆེད་དུ་བྱ་བ་སྣ་གཅིག་ཡིན་ཡང་བྱེད་དགོས་སྙམ་པའི་དམ་བཅའ་བླངས་དེ་མི་རིགས་ཀྱི་སྲུ་ཞུ་སྒྲུབ་པར་འབད་བརྩོན་བྱེད་རྒྱུ་དེ་ནི་ད་ལྟའི་བོད་མི་རིགས་འདི་ལ་ཆེས་དགོས་གལ་ཆེ་བའི་དོན་དག་དངོས་དེ་ཆགས་ཡོད་པ་རེད།
བདག་གིས་འདི་ནས་རང་གི་བསམ་ཚུལ་འབྲི་བཞིན་ཡོད་ལ། རང་མི་རིགས་ལ་སེམས་བསམ་པའི་འབོད་སྐུལ་དང་རེ་བ་ཞུ་བཞིན་ཡོད། དེ་མིན་ང་རང་ལྟ་བུ་མི་ཕལ་བ་ཞིག་ལ་བློ་ཤེས་རྒྱ་མེད་ལ། ཐོབ་གོ་ས་སོགས་གང་ཡང་མེད་པའི་བོད་མི་དཀྱིས་མ་ཞིག་ཡིན་དུས། མི་ཁ་ཤས་ཀྱིས་ཁོ་ལ་སྐད་ཆ་དེ་དག་བཤད་རྒྱུའི་ཐོབ་ཐང་གང་ན་ཡོད་ཟེར་ངེས་ཡིན། འོན་ཀྱང་། ང་ལ་སྐད་ཆ་འདི་དག་ཞུ་བའི་སྤོབས་པ་དང་ཐོབ་ཐང་དེ་ནི་རང་ཉིད་བོད་ལ་སྐྱེ་བའི་བོད་མི་དཀྱིས་མ་ཞིག་ཡིན་པ་དང་བོད་མི་རིགས་ཀྱི་བདེ་སྡུག་ལ་སྐད་ཆ་བཤད་པའི་འགན་དེ་ནི་བོད་མི་ཚང་མར་ཡོད་པ་དང་སྐུད་པ་ཡར་འཁེལ་དང་བསམ་པ་ཡར་བསམ་བྱེད་པའི་བོད་མིའི་སྲོལ་རྒྱུན་གྱི་བསམ་བློ་དེ་ཡོད་པས་མ་འགྲིག་པ་ཅི་གང་མེད་པ་ཡིན།
ལྷག་དོན་དུ་བོད་མིའི་སྤྱི་དོན་བྱེད་པ་དེ་ནི་གཞུང་སྒེར་སུ་རུང་གི་རྐུབ་སྟེགས་སྟེང་དུ་བསྡོད་མཁན་དེ་དག་གཅིག་བུ་ལ་འཁྲི་བ་ཞིག་གཏན་ནས་མིན་པ་དང་། བོད་མི་སྐྱེ་བོ་སྐྱ་སེར་ཕོ་མོ་དབྱེར་མེད་ཡོངས་ལ་འཁྲི་བ་ཞིག་ཡིན། དེ་ཡི་ནང་ནས་གཞུང་སྒེར་ཚོགས་སྐྱིད་ཁག་གི་ལས་ཀྱི་སྣེ་མོ་བ་དག་ལ་དམིགས་བསལ་གྱིས་བོད་དོན་ལ་འགན་འཁུར་ཞིག་ཡོད་པ་དེ་ནི་ཁོང་ཚོས་བོད་མི་རིགས་ཀྱི་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་གི་ཆེད་དུ་ཕྱག་ལས་གནང་རྒྱུའི་དམ་འབུལ་བྱས་ཡོད་པའི་རྒྱུ་མཚན་གྱིས་ཁོང་ཚོ་ལ་དམིགས་བསལ་གྱིས་སྣེ་ཁྲིད་དང་ལམ་སྟོན་བྱེད་པའི་འགན་ཡོད་པ་དེ་ནི་ལྡོག་མེད་ཀྱི་ལས་འགན་ཆགས་ཡོད་པ་དང་མི་མང་ཡང་དེ་ཡི་རྗེས་སུ་མཉམ་ཞུགས་བྱེད་རྒྱུ་དེ་ནི་བོད་མི་རིགས་ལ་སྐྱེ་བའི་ལྡོག་མེད་ཀྱི་འགན་ཡིན་པ་སེམས་ལ་སྤྱི་སྒེར་གཉིས་ནས་ངེས་པ་བྱེད་རྒྱུ་དེ་ནི་ཧ་ཅང་གལ་ཆེ་བ་དང་ལག་ལེན་ངོས་ལ་ཞུགས་རྒྱུ་དེ་ནི་དེ་བས་ཀྱང་གལ་ཆེ་བ་དང་དུས་ཐོག་ལ་འབབ་པར་སྙམ་ལགས།
ལྷད་མེད་དྭངས་གཙང་གི་སེམས་ཀྱིས།།
རིགས་ཀྱི་བདེ་སྡུག་ལ་བསམ་ནས།།
སྙིང་གི་ཚིག་འགའ་རང་ཞུས་པ།།
བདེན་པའི་སྒོ་དྲུང་དུ་བསྐྱེལ་ཤོག།
བལ་ཡུལ་བཀག་བསྐྱིལ་ཁང་ནས་༡༡།༦།༡༢
ཁྱེད་ཀྱི་ཉམས་པ་མེད་པའི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་ཞུ།
ཤིན་ཏུ་བདེན་། ཕ་བཟང་བུ། ཤིན་ཏུ་བདེན། ཡིན་ན་ཡང་བློ་སྟོབས་མེད་བཙན་བྱོལ་བ་འདི་ཚོས་རང་དོན་མ་བཏོགས་སྤྱི་དོན་ལ་བསམ་བློ་གཏོང་ཁག་པོ་རེད།
མེད་པའི་ཞེས་བཅོས།
རང་ཉིད་ཀྱང་བོད་མི་ཚང་མ་ཁྱེད་ལྟ་བའི་བོད་མི་དམངས་ལ་ལྷག་བསམ་དང་ཤ་ཞེན་ཡོད་ན་ཅི་འདྲའི་ཡག་པ་ལ་སྙམ་བསྡད་ཡོད།
རང་ཉིད་ནས་ཀྱང་ཞེས་བཅོས།
ཚེ་བརྟན་རྡོ་ལགས་། ང་ལ་མཚོན་ན་ཁྱེད་ཀྱིས་རྒྱ་རྒན་ཚོའི་དར་འཁུར་བར་རྒྱབ་བསྐྱོར་མེད་ཀྱང་བོད་པའི་ཆེད་དུ་གོམ་བསྒྲོད་ལ་གུས་ཞབས་ཡོད་། གང་ལྟར་རྟ་བོ་ལག་ནས་ཤོར་ན་འཛིན་ཐུབ་ཀྱང་ཚོག་ཁ་ནས་ཤོར་ན་འཛིན་དཀའ་ཞེས་བའི་གཏམ་དེ་སེམས་གཉར་དེ་སྐད་ཆ་ཁ་ནས་མ་ཤོར་བའི་སྔུན་ལ་སེམས་སུ་བསམ་བློ་ཡང་ཡང་གཏོང་རོགས་།
སེམས་ཤུགས་རྟ་ཕོའི་གོང་ལ་འཛེགས་པ་ལེགས་ཀྱང།། ཁྲག་དར་དམར་པོའི་སྤུན་ཟླའི་སེམས་པ་དཀྲུགས་སོང།། བལ་ཡུལ་བཀག་སྐྱིལ་ཁང་ནས་བྲིས་པའི་ཡི་གེ།། ཀློག་རིན་ཡོད་པ་ཞིག་ཏུ་ཁོ་བོས་མཐོང་སོང།།
ཨ་མདོའི་བུ་རྒོད་ཧྲག་ཀཱེ།
ཁྲག་དར་དམར་པོས་ཞེས་བཅོས་རོགས
བདེན་ཚིག དྲང་ཚིག ཨ་ཁུ་བཟང་པོ་ཁྱེད་རང་རྒྱལ་ལོ།
འ་རོགས་མང་ན་ཧྲ་ནི་མ་རེད་ཡ། ཁ་དཔེ་ལ། བན་རྒན་ཆོས་ལ་ཆོས་ཚོད་མེད་ན། བན་རྒན་སྨྱོན་པ་ཡིན་ཟེར་ནི་རེད་ཡ།