ཁྲོ་གཏུམ།
— སྒྱུ་རྩལ་གྱིས་རྩ་ལམ་དྲོས་པའི་པདྨ་ཚེ་བརྟན་ལགས།
རྣ་བར་ཐོས་དུས་སེམས་པས་དང་ལེན་བྱེད་མ་ཐུབ
སེམས་པས་མི་འདོད་པར་དང་ལེན་བྱས་ཚར་དུས
སེམས་པར་ཁ་བ་བུ་ཡུག་འཚུབ
ཟུངས་ཁྲག་གིས་མ་ལྡེང་བ་ལྟ་བུའི་འདར་ཡོམ་རེས
ཁྱོད་རང་ལ་ལག་གཡུག་ག་ཚོད་བྱས་པའི་རི་མོ
གནམ་མཐའི་མཚམས་སུ་བྱེ་རླུང་གིས་གསུབ
རྣམ་ཤེས་ཀྱི་སྐུད་པར་བརྒྱུས་པའི་ང་རང
ཚོར་བའི་རྩ་ལམ་ལ་བཞུར་བའི་མཐོ་སྒང་གི་ཆུ་བོ་དེའམ
ཕ་ཡུལ་དང་ཆེས་བར་ཐག་རིང་བའི་ཡུལ་སྲོལ་དེའི་འཆིང་ཐག་ཅིག
རྣམ་རྟོག་གིས་ཀུ་རེ་རྩེད་པ་བགྲང་གིས་མི་ལང་བའི་སོ་ཁར
དབང་ལྔའི་རོལ་མྱོང་གི་འདུ་ཤེས་འཐུ་བའི་བྱེའུ་ཤིག
རྐང་པ་ས་དོག་མོར་མ་ཐུག་པ་འདྲ
མགོ་བོ་གནམ་སྔོན་པོར་མ་ཐུག་པ་འདྲ
བར་མ་ཉིད་དུ་འགྲོ་བའང་དེ་འདྲའི་ཞེ་ལ་ཐོགས་པ་ཞིག་ག་ལ་ཡིན
ངས་རང་ཉིད་ཀྱི་ཤེས་པ་དག་གཙབ་སྲིད་ནའང
ཤོར་ཟིན་པ་དང་ཐོབ་ཟིན་པའི་ཐག་འཐེན་ཁྲོད
གཟི་དཔང་དྲང་མོ་ཞིག་རག་མི་སྲིད
སྙིང་ལ་གནག་པ་ཐམས་ཅད་ལ་རོལ་ཡང
ཚིག་གི་མདུད་པ་མ་འཁྲོལ་བའི་རྐྱེན་ལས
བརྡ་འཕྲིན་གྱི་གོ་བརྡའ་སྐྱོ་བོ་སྐྱོ་བོ་ཞིག་རྙེད་ཡོང
མཐོང་ཐོས་མྱོང་གསུམ་གྱིས་ང་རང་སྡོད་དུ་མི་འཇུག་པས
རང་ཉིད་ལ་ངལ་གསོ་ཐེབས་པའི་གནས་མལ་ཞིག་གང་དུའང་མ་རག
ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༡༠ ཉིན་ཨོ་གླིང་མཚོ་ཁ་རུ།