བདག
འདྲ་པར་མི་དགོས་ན་ཟུག་མི་མཁོ་མ་འཇོག་ཁྱོད་ཀྱིས་མཉམ་དུ་ཁྱེར།།
དྲན་པའི་ཚེ་ན་སྐྱོ་འདོད་མི་འདུག་དྲན་ཤིང་ཞེས་པ་དགོས་དོན་མེད།།
ལས་དབང་ཞེས་པ་འདི་འདྲ་ཡིན་ན་དཀོན་མཆོག་ཅེས་པར་མི་དད་ལ།།
བརྩེ་དུང་འབོད་པ་དེ་འདྲ་ཡིན་ན་དགའ་ལོ་མ་ཞིག་མི་ཉག་གོ །
བརྩེ་བ་ཟེར་བར་ཀ་ར་འདྲེས་པ་ཐོག་མའི་ས་བོན་མ་བཏབ་གོང་།།
འཁོར་བ་ཟློ་བར་རླུང་འཚུབ་རྒོད་པ་ཨ་ཉོག་རེ་གཉིས་བཙས་པའི་རྗེས།།
རང་རང་བློ་ཡི་གཏད་སོ་རལ་པོས་ཧོབ་སྟེ་མཐུག་པོ་མཁར་ཞིག་བརྩེགས།།
འཇིག་རྟེན་མཐུན་འཇུག་གཡང་དུ་བོས་ཀྱང་མཇུག་གི་ལེའུ་སྡུག་གིས་བསྡུས།།
ཞིབ་ཏུ་བརྟག་སྟེ་གཟབ་ཀྱིས་བལྟས་ན་བརྩེ་དུང་ཐེམ་སྐས་གཅིག་འདྲ་གདའ།།
རྡུལ་གྱི་ལམ་དེ་འཁོར་སྟངས་ཤིག་གིས་དེང་གི་སྐབས་ལ་དངུལ་ཁུག་ཟེར།།
ཇི་མ་བདེན་ཏེ་རླུང་འཚུབ་རྒོད་པོས་དམ་ཚིག་མདུད་པ་བྲུལ་འཐོར་བྱས།།
བདག་གི་འཇིག་རྟེན་སྐྱ་བོའི་ཁམས་ན་སྡུག་གུ་མ་ཁྱོད་བུ་ལོན་རེད།།
འཕྱན་མ་ཞེས་པར་སྡང་སེམས་བསྟན་ཏེ་སྙིང་རླུང་འཕར་དོན་མེད་ཀྱང་མོད།།
གྱུ་ནམ་ཞེས་ཏེ་མཛུབ་མོ་ཀེར་ན་བཟོད་པའི་ཨམ་གཙིགས་བསྡམ་མི་ཐུབ།།
ཁ་རྩང་འཁྲབ་པའི་ཟློས་གར་དེ་ནི་རང་རང་སེམས་ན་བཀྲ་ཝལ་ཝལ།།
ཆ་ལུགས་མི་གཅིག་ཆོལ་ཁ་མི་གཅིག་མི་མིན་འདྲེ་མིན་མ་གནང་ཞིག །
གང་ཟག་ཅིག་ཏུ་ད་ཐེངས་སྐྱེས་ཀྱང་རྗེས་ཐེངས་གླིང་འདི་མ་མཐོང་ཞིག །
བརྩེ་བ་ལྡོམ་པོས་གསར་མོ་ཞིག་ལ་རྩྭ་ཡི་ཞགས་པ་མ་གཡུག་ཅིག །
ནམ་ཞིག་གང་དུ་མི་ལུས་བླངས་ཚེ་ཆོས་སྐད་རྣ་ཡིས་མ་ཐོས་ཤིག །
ཇི་སྲིད་གསོན་པ་དེ་སྲིད་བར་དུ་ཁྱོད་དང་སླར་འཕྲད་མེད་པར་ཤོག །
རླུང་རྦེད་དེ་ལངས་འདུག། འཁོར་བའི་རྩ་བ་རྙེད་འདུག། དགོངས་དག། སྙན་པོ་བྱུང་། ཧ་ཧ་ཧ།
ཁྲ་རིས་དེ་ཁྲ་རིལ་མིན་འགྲོ་བསམ། ཡང་དགོངས་དག།