རྔ་བ་རྒྱལ་ཁམས་པ།
———————-
སེམས། དག་སྣང་གི་ཞིང་ཁམས་རབ་འབྱམས་འབྱུང་བའི་གནས།
སེམས། བདེ་སྡུག་གི་ཚོར་བ་སྣ་ཚོགས་འཇོག་སའི་གཞི།
སེམས། རྣམ་རྟོག་འགྱུ་བ་མཚོ་ལྟར་འཕྱུར་བའི་ཁུངས།
སེམས། སྣང་སྲིད་ཀྱི་ཆོས་ལ་ཐོགས་མེད་འཇུག་པའི་མདའ།
སེམས། བདེན་རྫུན་གྱི་རྣམ་བཞག་རི་ལྟར་བརྩེགས་པའི་རྫོང་
སེམས། ཡག་བཙོག་གི་འདྲ་འབག་ངེས་མེད་གྱོན་པའི་གར།
སེམས། ཤེས་རིག་བང་མཛོད་གཅལ་དུ་བཀྲམས་པའི་མཛོད།
སེམས། མུན་ནག་གི་ནང་ན་གློག་ལྟར་འཚེར་བའི་འོད།
སེམས། འཇིག་རྟེན་གྱི་རྣམ་བཞག་རྒྱས་པར་རྩོམ་པའི་གཞུང༌།
སེམས། ཁྱོད་ཡོད་སྟབས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའང་ཡོད།
སེམས། ཁྱོད་མེད་ན། ང་ཚོ་དང་ང་ཚོའི་འཇིག་རྟེན་མེད་ཅིང༌། རྩོད་པའང་མེད།
སེམས། ཁྱོད་ཀྱིས་ཡོད་ཚད་བཟོས་ནས། ཁྱོད་ཀྱིས་རང་ཞལ་ང་ཚོ་ལ་མི་སྟོན་པའི་རྒྱུ་མཚན་ཅི་ཡིན།
སེམས། ངའི་ཁོར་ཡུག་གི་ཆོས་འདི་དག་ཁྱོད་རེད་དམ། ཡང་ན། ཁྱོད་ངའི་ཁོར་ཡུག་གི་འདི་དག་ཡིན།
སེམས། ཁྱོད་ཀྱིས་ཆོས་འདི་དག་གློ་བུར་དུ་མཐོང་བ་ཡིན་ནམ། གནའ་སྔ་མོའི་བགས་ཆགས་ཡིན།
སེམས། ཁྱོད་ཀྱིས་མཐོང་ལུགས་འདི་རང་མཐོང་ཡིན་ནམ། ཡང་ན། གཞན་བརྟེན་ཡིན།
སེམས། ཁྱོད་ལ་ཁྱོའི་ཁོར་ཡུག་མ་མཛོམས་ན། ཁྱོད་ལ་ལྷུན་གྲུབ་ཀྱི་སྣང་ཚུལ་ཨེ་ཡོད།
སེམས། ཁྱོད་གཟུགས་ཡིན་ནམ། ཡང་ན་ཤེས་པ་ཡིན།
སེམས། ཁྱོད་ལ་གཟུགས་མེད་ན། ཞ་བོ་མིག་ལྡན་དེ་ཁྱོད་ཨེ་ཡིན།
སེམས། ཁྱོད་ལ་ཤེས་པ་མེད་ན། ལུང་བ་རྐང་ཅན་དེ་ཁྱོད་ཨེ་ཡིན།
སེམས། ཁྱོད་ཀྱི་མཚན་ཉིད་ཡོངས་སུ་ཚང་རྗེས། ངའི་མཚན་ཉིད་རིག་པའི་བཙན་རྫོང་དེ་ཡོངས་སུ་འཐོར་བ་ཡིན་ནམ།
སེམས། སེམས། སེམས། སེམས། སེམས།
ཟུར་ཞུ། རྩོམ་འདི་ལ་མགོ་མེད་ལ་སྔ་མའང་མེད། ཉིན་འདི་གར་དྲ་གྲོགས་དག་གི་རྩོམ་ཡིག་ལ་འཁྱུགས་ཙམ་བལྟས་པ་འི་སྣང་ཚུལ་གློ་བུར་དུ་བྲིས་པ་ཞིག་ཡིན་ལགས།
སེམས་ཀྱིས་བསམས་པའི་སེམས་ནི།
སེམས་སེམས་དང་ཉེ་ན་སེམས་པ་མཐུན། །
སེམས་སེམས་དོན་མ་ནོར་བསམ་དོན་གྲུབ། །
སེམས་སེམས་སུ་ཤེས་ནས་ཤེས་རྒྱ་རྒྱས། །
སེམས་སེམས་ནོར་དག་ན་ཐར་པ་གྲུབ། །
སེམས་དང་སེམས་གྱི་བར་གསེང་ན། །
སེམས་གྱིས་མ་མཐོང་སེམས་པ་ཞིག །
སེམས་ཀྱི་ཁུག་པར་འཛུལ་བ་འདིས། །
སེམས་ཁམས་བསླུས་པ་ཉུང་ཉུང་མིན། །
ཁ་སྟོང་ནང་གི་ཚིག་སྟོང་ཤིག་བཤད་ནས་ཕན་ཐོགས་ཅི་ཡོད་།ཁོམ་པ་ཡོད་ན་།་རྒྱ་ཡི་མེ་རུ་སྟོར་ཐབས་བྱས་།དེ་མིན་ན་ཁ་ཏོན་འདྲ་བྱོས་།ཁྱེད་གསུམ་པོའི་སྙན་ངག་ངོ་མ་མི་ཡག་གི་།ནང་དོན་གོ་རྒྱུ་ཅི་ཡང་མེད་གིན།
རྒྱ་མིར་ཤེས་རྒྱ་སློབས།
མེ་རི་ལྕགས་ནང་ཆུག
ལྕགས་རིའི་དབུགས་རྣམས་བཀག
ལྕགས་གོང་མཚོ་ནང་སྐྱུར།
།སེམས་དག་ན་ཞིང་ཁམས་ཡིན་རབ་ཡོད།
།སེམས་རྙོགས་པས་གཡང་དུ་ལྷུང་རབ་གོ
།སེམས་སེམས་ཀྱི་རང་བཞིན་མ་ཤེས་པས།
།སེམས་བཤད་ན་མགལ་མེ་བཞིན་དུ་འཁོར།
།སེམས་འེ་ཤེས་འདོད་ཀྱང་ཤེས་མཁན་དཀོན།
།སེམས་འཚོལ་བར་འདོད་ཀྱང་སུས་མ་རྙེད།
།སེམས་སེམས་ཞེས་རྣམ་གྲངས་བགྲང་བགྲང་ན།
།སེམས་ཨ་ཐང་ཆད་པ་མ་ཡིན་ནམ།
།སེམས་ཁ་ནས་བཤད་ན་འཛད་རྒྱུ་མེད།
།སེམས་ནང་ནས་བསམ་ན་ཤེས་རྒྱུ་མེད།
།སེམས་དྲན་རྒྱུ་མང་ན་བདེ་བ་མེད།
།སེམས་ངལ་གསོ་ཤེས་ན་སྡུག་བསྔལ་མེད།
།སེམས་བདེན་རྫུན་འདོར་ན་དཔྱད་པ་ཐོངས།
།སེམས་རང་གཤིས་འཚོལ་ན་ཉམས་མྱོང་སོག
།སེམས་སྨྱོན་པར་འདོད་ན་གང་དྲན་སྙོགས།
།སེམས་སྐྱིད་པར་འདོད་ན་རང་ས་ནོན།
།སེམས་ནང་ན་ཡོད་པ་ཕྱི་ན་མེད།
།སེམས་ཕྱི་ན་འཆལ་པ་ནང་མི་གནས།
།སེམས་སེམས་གྱིས་བཙལ་ན་མི་རྙེད་པ།
།སེམས་རང་གི་གཤིས་ལུགས་དེ་ག་ན།
།སེམས་འཛིན་པར་འདོད་ཀྱང་ཟིན་པ་དཀའ།
།སེམས་གཏོང་པར་བསམ་ཀྱང་ཟུར་མ་ཐོན།
།སེམས་སེམས་ཞེས་ཁ་ལ་མཛའ་ན་ཡང་།
།སེམས་གང་ན་ཡོད་པ་སུས་མ་མཐོང་།
།སེམས་འདོད་པས་གཟིར་ན་ཡ་ལ་ལ།
།སེམས་ཁྲོ་བས་བཀོལ་ན་གཟེར་བུར་བུར།
།སེམས་རྨོངས་བས་བཀབ་ན་འཐོམ་ཡོར་ཡོར།
།སེམས་རང་སར་ཞོག་ན་བདེ་ཡལ་ཡལ།
།སེམས་གཞན་རྗེས་འབྲང་ན་བྲེལ་ཟེང་ཟེང་།
།སེམས་རང་མཐོང་ཆེ་ན་མཐོ་ཟེང་ཟེང་།
།སེམས་རང་སྐྱོན་མཐོང་ན་སྒུར་ཞུམ་ཞུམ།
།སེམས་འདི་ཡི་ཁ་ཚོད་སུ་ཡིས་ཆོད།
།སེམས་རང་ཉིད་དམན་པའི་མལ་ས་ནས།
།སེམས་ད་ལྟ་ཞུམ་པའི་འདུ་ཤེས་དེ།
།སེམས་ངོ་བསྟོད་ཅིག་གིས་གློ་བུར་དུ།
།སེམས་ཁེངས་པའི་ངོ་བོར་གྱུར་ལ་ལྟོས།
།སེམས་འདི་ཡི་རང་བཞིན་དགོད་རེ་སྤྲོ།
།སེམས་འདི་ཡི་རྣམ་པ་ཡ་རེ་མཚར།
།སེམས་འདི་ཡི་འགྱུར་ལྡོག་གློག་ལས་མྱུར།
།སེམས་འདི་ཡི་ངོ་བོ་ཅི་ལ་བརྟན།
།སེམས་འདི་ནི་དཔའ་བོ་བརྒྱས་མ་ཁོག
།སེམས་འདི་ནི་མཛེས་མ་བརྒྱས་མ་ཟུང་།
།སེམས་འདི་ནི་ཕ་བོང་བརྒྱས་མ་ནོན།
།སེམས་འདི་ནི་ངོ་བོ་གང་གིས་མཚོན།
།སེམས་དྭངས་གསལ་ཤེལ་གྱི་གོང་བུའི་སྦུབ།
།སེམས་འདི་ཡིས་བྱ་བཞག་ཁོར་ཡུག་ལ།
།སེམས་ཡུལ་དུ་སྣང་བའི་ཤེས་བྱའི་གཟུགས།
།སེམས་ཁོངས་སུ་མ་བསྡུས་དངོས་པོ་གང་།
།སེམས་མ་བཅོས་རང་ཚུགས་བྲལ་བ་ཡི།
།སེམས་དངོས་པོའི་རྗེས་སུ་འབྲང་བ་ལས།
།སེམས་འགྱུར་ལྡོག་སྐད་ཅིག་མཐའ་མེད་གྲངས།
།སེམས་རང་གིས་བགྲང་བར་ག་ལ་ནུས།
།སེམས་བདེ་བར་སྡོད་པའི་མཐའ་མ་བརྟན།
།སེམས་སྡུག་བསྔལ་ངང་དུ་རྟག་མི་སྲིད།
།སེམས་བདེ་སྡུག་འགྱུར་བ་སྣ་ཚོགས་འདི།
།སེམས་རང་གིས་བཟོས་པ་མ་ཡིན་ནམ།
།སེམས་གཡེང་བའི་རྣམ་ཐར་སྐྱོང་སྐྱོང་ནས།
།སེམས་དགའ་སྡུག་ཚོར་བ་མང་དྲག་ནས།
།སེམས་སྡོད་ཚུགས་མེད་པར་ཅ་ཟེང་ངེ་།
།སེམས་རང་གིས་བཟོས་པ་མ་ཡིན་ནམ།
།སེམས་འདི་ལ་བདག་གཉེར་མ་ཤེས་པས།
།སེམས་དཔོན་དུ་བཀུར་བའི་ལུས་འདིའང་།
།སེམས་ཡུལ་ལས་འདས་པའི་ན་ཚ་ཀུན།
།སེམས་རང་གིས་བཟོས་པ་མ་ཡིན་ནམ།
།སེམས་གཏིང་ནས་དཀར་བའི་རྒྱལ་ཁམས་པས།
།སེམས་སེམས་ཀྱི་རྣམ་བཞག་གླེང་བའི་རྗེས།
།སེམས་སྐད་ཅིག་གཅིག་གིས་འུར་ལངས་ནས།
།སེམས་ཁ་ནས་ཐོན་དེ་ཚིག་འདི་ཐལ།