ཁ་བའི་འབྲོག་མོ།
སེམས་འདི་འཇགས་མེད་འཕྱོ་བའི་མཚོ་མོ་བཞིན།།
རླབས་ཀྱིས་སྐྱོམས་པའི་ཡ་ཡོའི་ངང་ཚུལ་ཞིག།
ཆུ་རིས་ཕར་ནས་ཕར་ལ་ཕྱོགས་ནའང་།།
ཁད་ཀྱིས་ཚུར་ནས་ཚུར་ལ་སླར་ཡང་ཡོང་།།
རྒྱང་རིང་རི་བོའི་རྐེད་ལ་རྐང་ལམ་ཞིག།
ཀྱ་ཀྱུར་ལམ་བུ་ཕྲ་མོར་དོས་པ་ཞིག།
ཞོགས་པར་ཕར་ལ་འགྲོ་བའི་ཚོང་བ་སྟེ།།
དགོང་མོར་ཁྱིམ་ལ་ཕྱོགས་པའི་མགྲོན་པོ་བཞིན།།
ལྷོ་བྱས་གནམ་འཕང་བཅད་དེ་ཤར་ལ་འཕུར།།
ཤར་གྱི་ཡུལ་ན་མཛེས་པའི་མཁའ་དབྱིངས་ཡོད།།
རྒོད་པོ་ལྷོ་རུ་ཕྱོགས་ཏེ་གཤོག་པ་བརྐྱངས།།
ང་ལ་ཁ་བའི་འདབ་མའི་འཛུམ་ཞིག་བསྟན།།
འཇིག་རྟེན་ཧྲིལ་བོ་སེམས་ཀྱིས་བཀོད་པ་དེ།།
སྐྱིད་སྡུག་ཟུང་དུ་འབྲེལ་བའི་ཞིང་ཁམས་ཤིག།
རྟོགས་པའི་རང་བཞིན་དེ་ཡི་ཕ་མཐའ་ན།།
ལྐོག་གྱུར་ལས་ཀྱིས་བགྱིས་པའི་གཤིས་ཤིག་གྲུབ།།
༢༠༡༤།༥།༨
ཡག་པོ་བྲིས་ཡོད་འདུག དྲན་སྣང་ལྕི་མོ་ཞིག་འདུག