ནམ་མཁའ།
ཁ་སང་དེ་རིང་སྲིད་སྤྱིའི་འོས་བསྡུ་སླེབས་ལ་ཉེ་པས། སྤྱི་འཐུས་བཞེངས་མཁན་ནི་སེར་སྐྱ་གཉིས་ཀ་གྲོག་མ་དམར་ནག་གི་ཚང་བརྡོལ་བ་ལྟ་བུ་ཞིག་རེད། སྤྱིར་བཏང་བཤད་ན་དགའ་འོས་བའི་གནས་ཞིག་རེད་ཟེར་ན་ཆོག་མོད། འོན་ཀྱང་སེར་མོ་འདི་འདྲའི་མང་པོ་ཞིག་ཆོལ་ཁའི་སྤྱི་འཐུས་སུ་བཞེངས་མཁན་སླེབས་དུས། འདས་མ་ད་གསུམ་ལ་བསམ་བློ་བཏང་སྟེ་ཡིག་འབྲུ་འགའི་དྲ་གྲོགས་མང་པོ་ཞིག་གི་རྣ་དབང་མི་རྡུང་ཐབས་མེད་རེད། སྤྱིར་བཏང་སེར་མོ་ཚོ་ཆབ་སྲིད་ཀྱི་ཕྱོགས་ལ་དོ་སྣང་བྱེད་པ་འདི་ཡག་པོ་མ་རེད་ཟེར་གྱི་མེད་ལ། ཁྱེད་རང་ཚོ་ཆབ་སྲིད་ཀྱི་གཞུང་ལམ་སྟེང་བསྐྱོད་ཆོག་གི་མ་རེད་ཅེས་བཤད་པའི་ཐོབ་ཐང་ཡང་ང་ལ་མེད་ལ་ནམ་ཡང་བཤད་ཀྱི་མེད།
དེ་ལྟ་ན་ཡང་། ང་ཚོས་ཁ་ཕྱིར་འཁོར་ནས་བཙན་པོ་དུས་རབས་ནས། དེ་རིང་གི་བཙན་བྱོལ་སྤྱི་ཚོགས་བར་བསམ་གཞིགས་ཞིག་བྱེད་རྒྱུ་དེ་གལ་ཆེན་རེད། ལྷ་ལུང་དཔལ་རྡོར་གྱིས་བཙན་པོ་ལྷ་སྲས་དར་མ་དཀྲོངས་རྗེས་སུ་། བོད་ཆོལ་གསུམ་ལ་སྣེ་ཁྲིད་མཁན་གྱི་རྒྱལ་བོ་མེད་པས། བོད་ཆོལ་གསུམ་འཐོར་བཤིགས་སུ་འགྲོ་མགོ་བརྩམས་ཤིང་། ལུང་ཚན་རེ་ལ་དཔོན་ཆུང་རེ་དང་བླ་མ་རེ་ཡོད་ལ། བླ་མ་རེ་ཡི་ཆོས་ལུགས་གྲུབ་མཐའི་འཐེན་ཁྱེར་བྱས་ཏེ་ནང་འཁྲུགས་རྒྱབ་པའི་ལོ་རྒྱུས་རྙོག་འཛིངས་ཅན་མང་པོ་ཡོད་མོད།འོན་ཀྱང་ཡིག་ཚོགས་ལ་འཛེམས་ནས་འབྲི་འདོད་མེད་པར་བཞག་པ་ཡིན།
དེ་ལྟ་ན་ཡང་། ༧གོང་ས༧ལྔ་བ་ཆེན་པོའི་སྐབས་བོད་གཞུང་དགའ་ལྡན་ཕོ་བྲང་བཙུགས་ནས་ཡུན་རིང་མ་ཕྱིན་པའི་དུས་ཚོད་དེ་འདྲ་ཞིག་ལ། ༧གོང་ས༧ལྔ་བ་ཆེན་པོ་དགོངས་པ་རྫོགས་ཤིང་། སྡེ་སྲིད་ཀྱིས་གསང་རྒྱ་བྱས་ཏེ་ཆོས་སྲིད་གཉིས་ཀྱི་སྒོ་ནས་རང་གི་ཆབ་འབང་རྣམས་བསྐྱངས་ཏེ། རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ་ཡང་ཁྲི་སར་བཀོད་ཐུབ་མོད། འོན་ཀྱང་ཐབས་སྐྱོ་བ་ཞིག་ལ། སྐབས་དེར་སོག་པོའི་གཞུང་ཚབ་སོག་པོ་ལྷ་བཟང་གིས་སེམས་སུ། རྒྱལ་དབང་དྲུག་པ་ནར་མ་སོན་པའི་གོ་སྐབས་དང་བསྟུན་བོད་དབང་བསྒྱུར་བྱེད་འདོད་ཀྱི་བསམ་ངན་བཅིངས་ཏེ། ཁོ་རང་ལ་རྒྱབ་རྩ་དགོས་སྟབས་སེ་འབྲས་དགེ་གསུམ་གྱི་ནང་དུ་མི་སུ་ཞིག་མཁས་བའི་སྐད་གྲགས་ཡོད་པ་དང་། བོད་མི་ཚོས་བརྩི་བཀུར་བྱེད་ཡུལ་སུ་ཞིག་ཡིན་མིན་ཐད་བརྩད་གཅོད་བྱས་ཏེ། སྒོ་མང་ཡིག་ཆའི་བདག་པོ་ཀུན་མཁྱེན་འཇམ་བཞད་ཡིན་པ་ཤེས་རྗེས། ཀུན་མཁྱེན་འཇམ་བཞད་སླུ་བྲིད་བྱས་ནས་སོག་པོ་ལྷ་བཟང་གི་འོག་ཏུ་བཅུགས་ཤིང་། རིམ་གྱིས་རྒྱལ་དབང་དྲུག་པའི་ཀུན་སྤྱོད་སོགས་ལ་སྐྱོན་བཙལ་ནས་ཁྲི་ཐོག་ནས་མར་ཕབ་པ་མ་ཟད། ཐ་མ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཡང་དཀྲོངས་པའི་ལོ་རྒྱུས། ཀུན་མཁྱེན་འཇམ་བཞད་ཀྱི་ཐུགས་སྲས་བསེ་བསྡུས་གྲྭ་བརྩམས་མཁན་བསེ་ངག་དབང་བཀྲ་ཤིས་ཀྱིས་བྲིས་གནང་བའི་རྣམ་ཐར་བཙན་པོ་མ་ཤིང་པར་རྙིང་པ་དེའི་ནང་དུ་གསལ། རྣམ་ཐར་བཙན་པོ་མ་འདི་ལ་པར་གསར་རྙིང་གཉིས་ཡོད། པར་གསར་པ་དེའི་ནང་དུ་སྣོན་འཕྲི་མང་པོ་བྱས་ཚུལ་བཤད་རྒྱུན་ཐོས་པ་ལས། པར་གསར་མ་དེ་ཕྲན་གྱིས་མཐོང་མ་མྱོང་།
གང་ལྟར་ཡང་། ཕྲན་གྱིས་ལོ་རྒྱུས་རྙིང་པ་འདི་འདྲ་གླེང་དགོས་བའི་རྒྱུ་མཚན་ནི། ཀུན་མཁྱེན་འཇམ་དབྱངས་བཞད་པ་མཁས་བའི་དབང་པོ་འགྲན་ཟླ་བྲལ་བ་ཞིག་ཡིན་མོད། འོན་ཀྱང་ཆབ་སྲིད་ཀྱི་ཕྱོགས་ནས་མཁྱེན་རྒྱ་དེ་ཙམ་མེད་སྟབས། སྐབས་དེར་ཐབས་སྐྱོ་བའི་གནས་ཚུལ་དེ་ལྷག་པ་རེད། ང་ཚོས་ཤེས་གསལ་ལྟར་དུས་རབས་ཉི་ཤུའི་དུས་མགོར་རྒྱ་ནག་གིས་ལག་ཏུ་མེ་མདའ་བཟུང་སྟེ། སོ་སོའི་ས་ཐོག་ཏུ་སླེབས་ནས་ཁྲག་གི་མཚོ་བསྐྱིལ་དུས་མི་སེར་ཚོའི་རང་ས་སྲུང་ཕྱིར་རང་སྲོག་འབེན་དུ་འཇོག་གི་ཡོད་ན་ཡང་། ལྷ་སའི་གླིང་ན་ར་སྟག་གཉིས་ཀྱིས་དབང་ཆ་འཕྲོག་རྩོད་ཀྱིས་མེ་མདའི་སོ་ཁ་ནང་ལ་སྐོར་ཏེ་དམར་གསོད་གཏོང་རེ་བྱེད་ཀྱི་ཡོད་པ་ལས། ཕྱི་དགྲ་འགོག་ཐབས་ལ་བསམ་བློ་མ་བཏང་སྟབས། མཐར་རང་ས་དྲོན་མོ་དགྲ་ལག་ཏུ་ཤོར་ཏེ། མི་ཡུལ་དུ་འཁྱམས་དགོས་བྱུང་བ་རེད། སེར་མོ་ཚོ་ཆབ་སྲིད་ཀྱི་ཕྱོགས་ལ་རྒྱུས་མངའ་ཆེན་པོ་མེད་དུས། རྒྱབ་འོག་གི་ཆབ་སྲིད་ཀྱི་དབང་ཆ་ཁོ་ན་བསམ་མཁན་ཚོས་གཡོ་འོག་ཏུ་ཚུད་དེ་ག་དུས་ཡིན་ཡང་རྙོག་འཛིངས་ཅན་གྱི་སྤྱི་ཚོགས་ཞིག་ཏུ་འགྱུར་བཞིན་འདུག གང་ལྟར་ཡང་། ང་རང་ཉིད་ཀྱི་བསམ་ཚུལ་ལྟར་ན། བཙན་པོའི་རྒྱལ་རབས་རྫོགས་ནས་བཟུང་། སེར་མོ་བའི་ནང་དུ་ཆོས་སྲིད་གཉིས་ཀ་མཁས་པ་ཞིག་༧གོང་ས༧ལྔ་བ་ཆེན་མོ་དང་ད་ཐེངས་ཀྱི་༧གོང་ས༧བཅུ་བཞི་བ་ཆེན་མོ་འདི་གཉིས་ལས་ལྷག་ཞིག་བྱུང་མི་འདུག་ལ། ལྷག་པར་དུ་ཡང་བཙན་པོའི་རྫེས་ནས་ཆོལ་གསུམ་ཆིག་སྒྲིལ་གྱི་གཞུང་ཞིག་གསར་བ་བཙུགས་ཐུབ་ཡོད་པ་ཡང་༧གོང་ས༧བཅུ་བཞི་བ་འདི་ལས་གཞན་གཅིག་ཀྱང་བྱུང་མྱོང་མེད་ཟེར་ཆོག
རྒྱུ་མཚན་འདི་འདྲ་ལ་རྟེན་སེར་མོ་བ་མང་པོ་ཞིག་ཆབ་སྲིད་ཀྱི་ཕྱོགས་ལ་རྒྱུས་མངའ་མེད་སྟབས། ཆོལ་ཁའི་སྤྱི་འཐུས་སུ་མ་བཞེངས་ན་ཡག་པོ་འདུག་ཟེར་དོན་འདི་ཡིན། དཔེར་ན། དེ་རིང་ང་ཚོའི་མིག་དང་རྣ་བའི་མངོན་སུམ་དུ་མཐོང་ཐོས་ཐུབ་པའི་གྲོས་ཚོགས་ར་བའི་ནང་གི་ཆོས་བརྒྱུད་འཐུས་མི་བསྟན་པ་ཡར་འཕེལ་ལྟ་བུ་དང་། དེ་མ་ཡིན་པའི་ཆོས་བརྒྱུད་ཁག་སྤྱི་འཐུས་ཚོས་སྐད་ཆ་བཤད་སྟངས་དང་ལས་ཀ་བྱེད་སྟངས་ལ་གཟིགས་ན་ང་ཚོས་ཤེས་ཐུབ། གྲོས་ཚོགས་ར་བའི་ནང་གི་སེར་མོ་བ་འདི་ཚོས་ཁ་ནས། ཞལ་འདོན་མ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག་སྐྱོར་གྱི་ཡོད་ན་ཡང་། དོན་ངོ་མ་བྱ་ནེ་ཙོའི་མ་ཎི་འདོན་པ་དང་གཅིག་མཚུངས་རེད། ནང་ཆོས་ཀྱི་གཞུང་ལུགས་རྣམས་སུ་སློབ་མའི་སྐྱོན་བཤད་སྐབས། སྣོད་ཁ་སྦུབ་པ་ལྟ་བུ་ཟེར་བ་ལྟར། ཆོས་ཉན་པའི་སློབ་མའི་མཚན་ཉིད་མི་ཚང་མཁན་རྐྱང་གྲོས་ཚོགས་ར་བའི་ནང་ཡོང་སྟེ། ཆོས་ལུགས་གྲུབ་མཐའི་ཞེན་ཁོག་དང་ཆོལ་ཁའི་འཐེན་འཁྱེར་བྱེད་སྟངས་ལ་ལྟས་ན། ནང་ཆོས་སྦྱངས་ནས་སེམས་རྒྱུད་ལ་ཏིལ་འབྲུ་ཙམ་གྱིས་ཀྱང་ཕན་མེད་པར། རྡོ་ཐོག་ལ་ཆུ་གཏོར་བ་དང་གཅིག་མཚུངས་སུ་ཡོད་པ། གསལ་བོར་རྟོགས་ཐུབ་པས་འགྲེལ་བཤད་མང་པོ་བྱེད་དགོས་དོན་མེད། ཐ་ན་ཁོ་རང་ཚོའི་བསམ་བློ་ནི་ནང་ཆོས་ཁྱོན་ནས་སྦྱངས་མ་མྱོང་མཁན་གྱི་མི་སྐྱ་ཚོ་ལས་ཀྱང་སྐྱོ་བོ་རེད།
གང་ལྟར་ཡང་། གྲོས་ཚོགས་ར་བའི་ནང་གི་སེར་མོ་འདི་ཚོའི་གྲལ་ནི་སོ་སོའི་དགོན་པ་ནས། ཁུངས་མ་འཁྱོལ་བར་རྡ་རམས་ས་ལར་ཡོང་སྟེ་ཆོལ་ཁ་སོ་སོའི་ཁུངས་སུ་འཛུལ་ཏེ་འཇོན་མདོག་དང་ཤེས་མདོག་བསྟན་གྱི་ཡོད་མོད། འོན་ཀྱང་དྲང་མོ་བཤད་ན་དགོན་པའི་ནང་སློབ་སྦྱོང་གི་ཕྱོགས་ནས་ཆོས་གྲོགས་གཞན་གྱི་རྗེས་མ་ཟིན་ཞིང་། དགེ་འདུན་པའི་ཞབས་ཞུ་ཡང་སྒྲུབ་འདོད་མེད་མཁན་དག་ཆོས་བརྒྱུད་ཁག་གི་སྤྱི་འཐུས་སུ་སླེབས་པ་རེད། གལ་སྲིད་ཆོས་ཕྱོགས་ནས་སློབ་སྦྱོང་ཡོད་མཁན་ཞིག་དང་ཆོས་སྦྱངས་ནས་སེམས་རྒྱུད་ལ་ཅུང་ཟད་ཕན་ཡོད་མཁན་ཞིག་ཡིན་ན། བཙན་བྱོལ་སྤྱི་ཚོགས་ནང་དཀྲུགས་ཤིང་རྒྱག་ཕོད་ཀྱི་མ་རེད། གལ་སྲིད་ཆོལ་ཁ་དང་ཆོས་བརྒྱུད་སྤྱི་འཐུས་སུ་བཞེངས་མཁན་ཞིག་ཡིན་ན། ཟམ་གདོང་རིན་པོ་ཆེ་ལྟ་བུ་ཆོས་སྲིད་གང་ལ་སྐོར་ན་མཁས་ཤིང་། ལྷག་བསམ་རྣམ་དག་ཅན་ཞིག་བཞེངས་ན་དགའ་བསུ་ཞུ་དགོས་ལ་དད་གུས་ཡང་བྱེད་ངེས་རེད།
ལུས་ཀྱི་རས་གཞིའི་ཤཱཀྱའི་བརྟུལ་ཞུགས་བཟུང་ན་ཡང་།།
ལྷས་བྱིན་ཁྲོས་ཏེ་སྟོན་པར་སྒྱོགས་རྡོ་འཕངས་པ་ལྟར།།
ཆོལ་ཞེན་སྦར་མོས་ལུས་ཀྱི་རས་གཞི་བཤུས་བའི་ཚེ།།
འབངས་ཀྱི་བདེ་སྡུག་གླེང་བའི་ལྷག་བསམ་ག་ལ་མཆིས།།
གཞུང་ལུགས་མདུན་ན་དབང་རྟུལ་ཉམས་ཆུང་ཅན།།
དབང་ནོར་མཐོང་ན་མཁས་ཉམས་སྟོན་མཁས་བའི།།
ཆགས་སྡང་ཀློང་གི་བཙུན་པའི་གཟུགས་ཅན་དག།
སྲིད་ཀྱི་རྒྱ་མཚོའི་ཀློང་གི་གྲུ་ལ་མ་ཞུགས་རོགས།།
གཅིག་ལས་གཅིག་རྩུབ་ཕྲག་དོག་ཚེར་མ་འཚང་བའི་འཇིག་རྟེན་འདིར།།
བུ་རམ་སྦྲང་རྩི་སྦྱར་བའི་དུག་གི་ལོ་ཆང་འཐུང་ཞོར་དུ།།
རྫུན་པའི་ཚིག་ལ་བཅོས་མའི་འཛུམ་གྱིས་བདེན་ཁ་སྦྱིན་ཞོར་དུ།།
དྲང་བའི་མི་ལ་བདེན་པའི་ཚིག་གིས་བདེ་ལམ་སུ་ཡིས་བརྗོད།།
གང་ཤེས་གང་མཐོང་སེམས་ཀྱི་རི་མོ་འདི།།
གང་དང་སུ་ལ་ཕོག་མིན་མ་བལྟས་བར།།
གང་ཤར་དྲང་མོར་གཟུགས་སུ་ཕབ་པ་འདི།།
གང་ཟག་ཀུན་གྱི་སྤྱན་ལ་ཚེར་མའི་མི་འགྱུར་སྨོན།།
23/12/2020ལ་ཡོ་རུབ་ནས་ནམ་མཁས་བྲིས།
ད་ཡང་ཏང་དབྱང་པ་ཞིག་སླེབས་འདུག
ངོ་མ་གནད་ལ་ཁེལ་པ་དང་་་་དུས་ལ་བབས་པ་ཞིག་བཤད་འདུག་མོད་་
གོང་གི་མཆན་འགོད་པ་་་་བན་དེ་པ་་ལྟ་བུ་་མིག་ལིང་ཏོག་གིས་བཀབ་ཅིང་་་མགོ་ལ་སྤུ་མ་གཏོགས་་མེད་་པའི་་སྐྱ་མིན་སེར་མིན་་འདི་ཚོས་་ལམ་ལྷུང་ཡོང་འཇུག་གི་མ་རེད!
ངོ་མ་འདས་མ་ད་གསུམ་གྱི་ལོ་རྒྱུས་དྲངས་ཏེ། བསམ་ཚུལ་ཡག་པོ་བྲིས་འདུག་པས་བཀའ་དྲིན་ཆེ་ཞུ། ཡིན་ན་ཡང་།དཔེ་མཚོན་གྱི་མི་ཆོས་དོན་བཀའ་བློན་ཀརྨ་དགེ་ལེགས་ལྟ་བུ་དང་སྤྱི་ཟུར་ཨྱོན་སྟོབས་་རྒྱལ་གཉིས་ཀྱི་མིང་ཡང་བྲིས་ན་ལེགགས་པར་སྙམ། གོང་གི་དྲ་གྲོགས་བན་དེ་བ་ཡིས་དགོད་གཏམ་ལྟ་བུ་ཞིག་རེད་མོད།འོན་ཀྱང་ཆ་ཚང་ཀློག་ན་ད་གཟོད་ཏང་ཡོན་པ་ཞིག་ཡིན་མིན་གསལ་བོར་ཤེས་ཐུབ་ཀྱི་རེད།
བོད་མིའི་སྲིད་སྤྱིའི་ཆབ་སྲིད་འདི་ཡང་གད་སྙིགས་ཛོར་པོ་ཆགས་ནས། མི་ལོ་བཅུ་གྲངས་འཁོར་གྲབས་ཀྱི་དུས་ཀྱི་སྙིང་གཏམ་ཞིག་ཏུ་མཐོང་ལགས།
ཡིན་ན་ཡང་།
གླང་དར་འུ་དུམ་སྡིག་ཅན་ཁོ། ལྷ་སྲས་ཟེར་ན་ཡང་བོན་གྱིས་ཞེན་ཁོག་ཏུ་གྱུར་པར་བརྩིའོ།།
ཆོས་ལུགས་སྤྱི་འཐུས་རེ་བཟུང་གིས་སྤྱོད་བབ་ངན་པ་བྱས་པ་ལ་བརྟེན་ནས་ཆོས་ལུགས་སྤྱི་འཐུས་དགོས་ཀྱི་མི་འདུག་ཟེར་བ་ནི་གཏན་ཚིགས་མེད་པའི་བླུན་རྟགས་རང་རེད། དེ་ལྟར་ཡིན་ན་ཆོལ་ཁའི་སྤྱི་འཐུས་ཀྱང་མེད་པར་བྱེད་དགོས། ཆོལ་ཁའི་སྤྱི་འཐུས་རེ་བཟུང་ནས་སྤྱོད་བབ་ངན་པ་བྱས་པའི་ཕྱིར། ལན་གནང་དང།
བན་དེ་བ་ལགས།ནམ་མཁས་ཆོས་ལུགས་སྤྱི་འཐུས་མི་དགོས་ཟེར་གྱི་འདུག་གམ། ཆོས་ལུགས་པ་ཚོ་ཆོལ་ཁའི་སྤྱི་འཐུས་ལ་མ་ལངས་ཟེར་འདུག ཆ་ཚང་ཞིབ་ཀློག་མ་བྱས་བར་སྐད་ཆ་བཤད་ཀྱི་འདུག
གང་ལྟར་གྲ་པ་ཚོ་སྲིད་ནང་མ་ཞུགས་ན་ཧ་ཅང་ལེགས།
བདེན་པ་རེད། ལྷག་པར་གདན་ས་ཁག་ནས་ཁུངས་མ་འཁྱོལ་པ་་་རྡོབ་རྡོབ་རིགས་ལངས་ཡོང་དུས་་་བསྟན་བཤིག་ལས་མི་ཡོང་པ་གསལ་པོ་རེད
ད་ལྟའི་ཆོས་ལུགས་སྤྱི་འཐུས་རེ་འགའི་བྱ་སྤྱོད་ཐབས་ཆག ཁྱིམ་པ་ལས་སྡུག་པ་དེ་འདྲར་བརྟེན་ནས་མི་དགོས་ལབ་པའང་རྒྱུ་མཚན་གཅིག་རེད། དེ་མི་མང་གི་འདོད་པ་རེད། གཙོ་བོ། ཁྱིམ་པའི་ཉེ་རིང་ཆགས་སྡང་འཇིག་རྟེན་སྲིད་ལུགས་ཀྱི་ལས་དོན་ནང་རབ་བྱུང་བ་ཞིག་འཚིང་ཁ་བརྒྱབས་བསྡད་ན་ཡག་པོ་མི་འདུག རབ་བྱུང་བས་མི་རིགས་དང་རྒྱལ་ཁབ་ལ་ཞབས་ཞུ་སྒྲུབ་ལུགས་སྒྲུབ་སྟངས་གཞན་ཞིག་རེད་བསམས། གྲོས་ཚོགས་ལྟ་བུ་ཉེ་རིང་ཆགས་སྡང་གི་རྭ་བའི་ནང་ཡོང་ནས་འདྲ་མིན་བཤད་བསྡད་ན་བསྟན་པའི་རྨ་འབྱིན་ཆེན་པོ་རེད། ད་ལོར་མདོ་སྨད་་་བན་མིན་བོན་མིན་་་གྲོང་པའི་སྒོ་མཐར་ཉུལ་བའི་གྲྭ་གཟུགས་དེ་འདྲ་འཚིང་ག་རྒྱག་གི་འདུག
སྐལ་མེད་སར་སྐེ་མ་སྲིངས།
གསལ་ལེ་རྒྱལ།
སེར་མོ་བ་རྣམས་ནི་མ་གྱུར་འགྲོ་བ་ཡོངས་ཀྱི་སྤྱི་འཐུས་ཡིན་པས་ཆོལ་ཁ་དང་ལོས་ལུགས་བྱེ་བྲག་པའི་སྤྱི་འཐུས་ལ་ལང་དོན་མེད། རང་ཉིད་ཇེ་ཆུང་ལ་མ་གཏོང་། ཚིག་གཞན་ཞིག་གིས་བཤད་ན། ཁ་ནས་མ་གྱུར་སེམས་ཅན་ཞེས་བཤད་བཞིན་པ་དེ་རྫུན་ཡིན་པའི་དཔའ་རྟགས་གྲོས་ཚོགས་ར་བའི་ནང་ལ་ཁྱེར་མ་ཡོང་། རྒྱན་ཞེན་དང་རིགས་ཞེན་ནི་སེར་མོའི་བའི་ལས་ཀ་མ་རེད། སེར་མོ་བའི་མིང་གཞན་ལ་བྱ་བཏང་བ་དང་རབ་བྱུང་བ་ཟེར། རང་གི་མིང་དེ་ལ་རང་གིས་བདག་བྱེད་འདོད་ན་རང་ལ་འཚམས་པའི་གནས་དེ་རུ་བཞུགས་རོགས། གྲོས་ཚོགས་ར་བ་ནི་བྱ་བཏང་བའི་བཞུགས་གནས་མ་རེད།
སེར་མོ་བ་ཡིན་ཟེར། བཟོད་པའི་ཕར་ཕྱིན་ལ་སྦྱངས་རབས་བཤད་རྒྱུ་ཡོད་ནའང་ཞེ་སྡང་མི་སྐྱ་ལས་ཆེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྦྱངས་རབས་བཤད་རྒྱུ་ཡོད་ནའང་མགོ་བོ་མི་སྐྱ་ལས་རྨོངས། ཕར་ཕྱིན་དྲུག་ལ་རེ་རེ་བཞིན་ཕྱིན་ཅི་ལོག
མིང་རབ་བྱུང་བ། གོན་པ་བྱ་བཏང་བ། སེམས་པ་འཇིག་རྟེན་པ། མི་ཐ་ཤལ་བ། འཚོ་བ་མགོ་གཉིས་མ། གྲྭ་བས་འོས་འཕེན་ས་ནའང་ཡོད། གྲོང་བས་འོས་འཕེན་ས་ནའང་ཡོད། དགོན་པའི་སྐུ་སྐལ་ལེན་ས་ནའང་ཡོད། གྲོང་བའི་སྐྱོབས་གསོ་ལེན་ས་ནའང་ཡོད།
གྲོས་ཚོགས་ར་བའི་ནང་ནས་སྤྱི་འཐུས་ཀྱི་མིང་ཁྱེར་ཏེ་དཀྲུག་ཤིང་རྒྱག་དུས་གཙོ་བོ་ཡིན། མི་རིགས་ཀྱི་ཞབས་འདྲེན། ཆོས་ལུགས་ཀྱི་ཞབས་འདྲེན། ཆབ་སྲིད་ཀྱི་ཞབས་འདྲེན། སྤྱི་འཐུས་ལ་ལང་བཞིན་པའི་ཞབས་འདྲེན་སུམ་མཛོམས་ཀྱི་སེར་མོ་བ་ཚོས་རང་ཉིད་ངོ་ཤེས་པར་གྱིས། སྤྱི་འཐུས་ནི་ཆོལ་ཁ་དང་ཆོས་ལུགས་བྱེ་བྲག་པའི་མིང་ཐོག་ནས་བོད་མི་རིགས་དང་ཆོས་ལུགས་སྤྱིའི་ཞབས་འདྲེན་བྱེད་པའི་ཆེད་དུ་བདམས་པ་མ་རེད། གྲྭ་གཟུགས་ཚོས་སྤྱི་འཐུས་འོས་མི་ནས་ཕྱིར་འཐེན་བྱོས། སྐལ་མེད་སར་སྐེ་མ་སྲིངས། སྐུ་མཁྱེན།
ཞོར་ཏུ་ངེས་དོན་གྱི་བྱ་བཏང་བ་དང་ངེས་དོན་གྱི་རབ་བྱུང་སེར་མོ་བ་རྣམ་པར་སྙིང་ཁུང་རུས་པའི་གཏིང་ནས་དད་གུས་ཆེན་པོས་སྐུ་ཚེ་ཡུན་རིང་བརྟན་པའི་གསོལ་བ་འདེབས་ཀྱིན་ཡོད།
༢༤/༡༢/༢༠༢༠ ལ་ཕ་རེ་སི་ནས།
ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་གྲོས་ཚོགས་ར་བའིནང་དུ་ཉེ་རིང་ཆགས་སྡང་གིས་དཀྲུགས་ཤིང་རྒྱག་མཁན་བསྟན་པ་ཡར་འཕེལ་དང་བཀའ་བློན་ཀརྨ་དགེ་ལེགས་ལྟ་བུ་བཀའ་སྤྱི་གང་གི་ནང་དུ་ཡང་མ་ཡོང་ན་ལེགས། ཆོས་ཡང་མ་ཤེས་འཇིག་རྟེན་ཡང་མི་ཤེས་བའི་བཙུན་གཟུགས་ཅན་དག་མ་ཕེབས་ན་ལེགས།
དོན་ངོ་མ་ཆོས་བརྒྱུད་སྤྱི་འཐུས་ཀྱི་གནད་དོན་ཙམ་ཡང་མ་རེད། སྤྱིར་བཏང་དེང་སང་གོ་གནས་དང་སྙན་གྲགས་ལ་རེ་མཁན་མི་ཉུང་བས་དེ་དག་གིས་རང་དོན་གང་ཞིག་གི་ཆེད་དུ་སྤྱི་དོན་ལ་ཕོག་ཐུག་འགྲོ་བར་བསམ་བློ་གཏོང་ཐུབ་ཀྱི་མི་འདུག ལྷག་པར་ཆོལ་ཁའི་སྤྱི་འཐུས་ཚོས་ཆོལ་ཞེན་ཞིག་མ་བསྟན་ན་ཆོལ་ཁོངས་དེའི་སྤྱི་འཐུས་སུ་སླེབས་དཀའ་བའི་གནས་སྟངས་ཤིག་ཆགས་ཡོང་གི་འདུག་ག དེས་ན་གནད་དོན་གྱི་གནད་དོན་ནི་འོས་འཕེན་མི་མང་རྣམས་ལ་ཐུག་པ་མིན་ནམ། སྐྱ་སེར་སུ་ཞིག་སྤྱི་འཐུས་ལ་དང་བླང་ཐོན་པ་ཙམ་གྱིས་དེ་སྤྱི་འཐུས་ཆགས་པ་མིན་པར་མི་མང་གིས་དེ་བདམས་པ་རེད་ཡ། དེས་ན་ཁ་མར་འཁོར་ནས་མི་མང་ལ་གསལ་འདེབས་བྱེད་རྒྱུ་གཙོ་བོ་རེད་དོ།།