གཟའ་འཁོར་འདིའི་གཟའ་ཕུར་བའི་དགོང་མོ་དུས་ཚོད་དྲུག་པ་དང་ཕྱེད་ཀ་ནས་བརྒྱད་པ་དང་ཕྱེད་ཀའི་བར། ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་ན་སེར་སྲུང་སྔགས་པ་ཞིག་གི་སྐོར་ལ་བཟོས་པའི་དངོས་བྲིས་གློག་བརྙན་ཞིག་སྟོན་གྱི་འདུག གློ་བརྙན་དེ་བཟོ་མཁན་ནི་གློག་བརྙན་འཁྲབ་འཁྲིད་པ་པད་མ་ཚེ་བརྟན་ལགས་ཡིན་པ་དང་། ཁོང་གིས་ཁོང་གི་ཡུལ་ཕྱོགས་ཀྱི་སྔགས་པ་ཞིག་གིས་སེར་སྲུང་གི་སྲོལ་རྒྱུན་དེ་རང་ཚ་བོ་ལ་བརྒྱུད་ཐབས་བྱས་པའི་སྐོར་ཡིན་ལ། དེ་ནི་༢༠༠༤་ལོར་ཨེ་ཤར་ཡའི་ Discovery Channel གྱི་ཆེད་དུ་བཟོས་པ་ཞིག་རེད། པད་མཚེ་བརྟན་ལགས་ནས་གློག་བརྙན་འདིའི་བཟོ་སྟངས་སྐོར་ལ་ཡང་གསུང་བཤད་གནང་རྒྱུ་རེད་ཟེར།
དེའི་མིང་ལ་མཐའ་མཇིག་གི་སེར་སྲུང་པ་ཟེར་བ་རེད། ནང་དོན་ཅི་ཡིན་འདི་ཡིན་མཐོང་ལམ་དུ་སོན་མ་བྱུང་། ཡིན་ན་ཡང་གློག་བརྙན་གྱི་མིང་འདོགས་སྟངས་ནུབ་ཕྱོགས་གློག་བརྙན་གྱི་མིང་ལ་སྤྲེད་ལད་བྱས་པ་ཞིག་རེད་སྙམ། མཐའ་མཇུག་གི་མོ་ཧེ་རྒན་༼ཨ་རི་༡༩༩༢༽The Last of the Mohicans་དང་མཐའ་མཇུག་གི་དཔའ་བོ་ས་མ་རེ།༼ཨ་རི༢༠༠༣༽ Last Samurai ལ་སོགས་པ་བགྲངས་ཀྱིས་མི་ལང་བ་ཡོད་རེད། དེ་མིན་ལྷང་འཇགས་ཀྱི་མ་ཎི་རྡོ་འབུམ་གྱི་ལྷང་འཇགས་ཞེས་པའི་མིང་འདོགས་སྟངས་འདི་ཨུ་རུ་སུའི་Тихий Дон་ལྷིང་འཇགས་ཀྱི་གཙང་པོ་ཟེར་བ་འདི་བཤུས་པ་ཡིན་སྙམ། གང་ལྟར་བོད་ཀྱི་ན་གཞོན་སྒོ་འབྱེད་སྲོལ་འབྱེད་དག་གིས་མགོ་ལ་རྭ་བཙུགས་ནས་ཤྭ་ཡི་གྲལ་དུ་འགྲོ་རེ་དང་རྐུབ་ལ་རྩམ་སྐྱ་བསྐུས་ནས་དགོ་ཡི་གྲལ་དུ་ཚུད་རེ་མི་བྱེད་པར་རང་ཚུགས་དང་རང་གི་ཁྱད་ཆོས་དེ་འབུར་དུ་འདོན་རྒྱུ་གལ་ཆེ།
གློག་བརྙན་དེ་ལོ་འགའི་སྔོན་ཞིག་ལ་ Discovery Channel ཞེས་པ་དེ་ཡིན་ས་ཡོད་ཅིག་ནས་སྟོན་བཞིན་པ་དངོས་སུ་མཐོང་མྱོང་། ད་ལྟའང་སེམས་ངོགས་ན་གསལ་བོར་འཆར་བཞིན་སྣང་།