ཀླུ་སྨྱོན་ཧེ་རུ་ཀ
སྐྱེ་བ་སྐྱེ་བར་གསེར་མདོག་གི །
ཞིང་གྲོང་ཉུལ་བའི་རླུང་བུར་ཤོག །
རླུང་བུ་དེ་ཡིས་བསྐལ་པའི་བར། །
གང་སར་འཁྱེར་བའི་དྲི་ཞིམ་ཤོག །
སྒེའུ་ཁུང་ནང་གི་ཡུལ་ལྗོངས་ནི། །
ཁྱེད་ལ་བྲིས་པའི་སྙན་ངག་སྟེ། །
ནམ་མཁའ་སྔོན་པོའི་ཟུར་ཞིག་ན། །
ཟླ་བའི་མཆི་མ་རྒྱུ་སྐར་བཞིན། །
ཁྱེད་ཀྱི་མཆུ་འདབ་དམར་ན་ཡང་། །
འོ་ཡི་སྦྲང་རྩི་ཞིམ་ན་ཡང་། །
སྒེའུ་ཁུང་བརྒྱུད་པའི་རླུང་བུ་འདིས། །
བདག་ནི་བསྲེགས་ཏེ་ཐལ་བར་བྱས། །
ཐར་པ་ཐོབ་ནས་ཅི་ཞིག་བྱ། །
དབེན་པ་བསྟེན་ནས་ཅི་ཞིག་བྱ། །
མཛེས་མའི་ནམ་མཁའ་སྔོན་པོའི་དབུས། །
སྤྲིན་པ་དཀར་པོ་ཟོལ་དུ་ཉལ། །
དབྱར་གྱི་ལོ་འདབ་སེར་པོ་བཞིན། །
ལང་ཚོའི་མཛེས་པ་སྐད་ཅིག་ཙམ། །
མཛེས་མའི་སྙན་ངག་རྒུན་ཆང་བཞིན། །
ཁྱོད་ལ་དེ་ཀོ་བདག་གིས་སྦྱིན། །
ནགས་ཀླུང་ཉུལ་བའི་རླུང་བུ་བཞིན། །
ཞིང་གྲོང་བརྒྱུད་ནས་ཡལ་བར་ངེས། །
མཛེས་མའི་མྱོས་བུམ་བྷ་ག་སོགས། །
ཡོད་ཚད་ལོ་ཟླས་རྙིད་པར་ངེས། །
སྙིང་ལ་འདོད་པའི་མེ་འབར་ཞིང་། །
མིག་ལ་མཛེས་མའི་གཟུགས་བརྙན་བརྐོས། །
རལ་བ་བཅད་པས་ཅི་ཞིག་ཕན།། །
ཏིང་འཛིན་སྒོམ་པས་ཅི་ཞིག་ཕན། །
དགོང་མོར་ཚང་དུ་ལོག་པའི་བྱ། །
ཉི་ཟེར་ཁྲོད་དུ་སྟོན་ལོ་བཞིན། །
ཆར་བའི་ཁྲོད་དུ་སྦངས་པའི་བདག །
མཛེས་མ་སྒོམ་བཞིན་འཆི་བར་ངེས། །
གཟན་ཤམ་བདག་ལ་ཅི་ཞིག་བྱ། །
ལྷུང་བཟེད་བདག་ལ་ཅི་ཞིག་བྱ། །
མཛེས་མས་བདག་ལ་ཅི་ཞིག་བྱ། །
བྷ་གས་བདག་ལ་ཅི་ཞིག་བྱ། །
བདག་ནི་ཞོགས་པའི་སྨུག་པ་བཞིན། །
ཁྱེད་ཀྱི་ཉི་མར་མཆུ་སྦྱོར་ཡང་། །
ཁྱེད་ནི་གློག་གི་ཞགས་པ་བཞིན། །
བདག་གི་བྲང་ལ་འཁྱུད་མི་འགྱུར། །
བུད་མེད་འདི་དག་ནམ་མཁའ་བཞིན། །
ཆགས་ལྡན་རྒྱུ་སྐར་སུ་ཡང་པང་། །
སྐྱེས་པ་འདི་དག་ཆུ་བོ་བཞིན། །
མཛེས་མའི་མེ་ཏོག་ཡོད་ཚད་འཁུར། །
བྷ་ག་དམ་པས་ཅི་ཞིག་བྱ། །
ནུ་མ་མཁྲངས་པས་ཅི་ཞིག་བྱ། །
ཞག་གཅིག་འདོད་པའི་རྩེ་དགའ་ནི། །
མགོ་བོ་གཅོད་པའི་ན་ཟུག་བཞིན། །
མི་འཆི་ཚེ་རིང་འདོད་ན་ཡང་། །
རྒས་པའི་སྡུག་བསྔལ་མི་འདོད་པའི། །
སྐྱེ་བོ་ཤེས་རབ་ཅན་འདི་དག །
བདག་གི་གྲོགས་དང་ཁྱེད་ཀྱི་དགྲ །
གཟུགས་ལ་ཆགས་པའི་མི་འདི་དག།
འདོད་པར་ཆགས་པའི་མི་འདི་དག།
ཕྱེ་མ་ལེབ་དང་མེ་ལྕེ་བཞིན།།
འཆི་བདག་དྲུང་ན་སྐྱིད་སྐྱིད་འདྲ།།
སྙན་པ་ལ་དཔེ་རེད་ཤ
སྙན་པོ་འདུག ངོ་མ་ཀླུ་སྨྱོན་འདི་སྙན་ངག་ལ་དབང་ཐོབ་འདུག རྗེ་རིན་པོ་ཆེས།
བསམ་གཏན་སེམས་སྒྱུར་དབང་གི་རྒྱལ་པོ་སྟེ་ཞེས་པར་ཚིག་འགྱུར་ནས། ཀླུ་སྨྱོན་སྙན་ངག་དབང་གི་རྒྱལ་པོ་སྟེ་ལྟ་བུ་རེད་འདུག
དེ་རིང་གི་སྙན་ངག་འདིའི་གོ་བ་མཐར་ཆགས་སུ་ལོན་མ་སོང་། འབྲི་སྟངས་ཀྱི་ཆ་ནས་སྙན་ངག་སྤྲིན་ཕོ་དང་འདྲ་བོ་ཡོད་པ་འདྲ། གང་ལྟར་ནམ་རྒྱུན་གྱི་ཁྱེད་ཀྱི་སྙན་ངག་དང་མི་འདྲ་བར་ཚིག་གཙོར་བཟུང་གིས་བྲིས་ཡོད་པ་འདྲ་བའི་སྣང་བ་སྐྱེས་སོང་།
འདི་ཐེ་ཀོར་གྱི་སྙན་ངག་གླུ་ཐལ་སྦྱར་མ་གར་ཞ་དངོས་གྲུབ་ལགས་ཀྱིས་བསྒྱུར་བ་དེ་དང་རྩོམ་ཉམས་ཧ་ཅང་འདྲ་འདུག གང་ལྟར་སྙན་ངག་པ་ཟེར་ན་འདི་འདྲ་ཞིག་ཡིན་དགོས་ཨང་།
ངའི་མཆན་དེ་ཁ་བརྡའི་ཁྲིམས་དང་འགལ་ཡོད་ས་རེད་གོ དགོངས་དག
དངོས་གནས་བྱས་ན་ངས་མཆན་རྒྱག་དོན། སྙན་ངག་འདི་ཧ་ཅང་སྙན་གི་ཟེར་འདོད་པ་ཙམ་ཡིན། སྙན་ངག་འདི་སེམས་ལ་ཧ་ཅང་འཕྲོད་པོ་བྱུང་།
ཞོར་འཕྲོས་ཞིག་བྲིས་པ་དེ་གསེག་ལ་ཤོར་བ་འདྲ། ངས་དངོས་གནས་ཀླུ་སྨྱོན་སང་ཁ་གཙོག་ཀྱང་ཁོག་ཡག་པ་ཞིག་ཡིན་པའི་ཡིད་ཆེས་དང་གུས་ཞབས་ཡོད་པ་ལྟར་མི་ལ་ཁ་ཞེ་གཉིས་མེད་ཀྱི་ཁོང་མི་ཡག་པོ་ཞིག་དང་ཡོན་ཏན་ཆེན་པོ་ཞིག་ཡིན་པར་བཤད་པ་ཡིན།
མིས་ཀླུ་སྨྱོན་ཀྱི་རྩོམ་ཡིག་ལ་བལྟས་ནས་ལྟ་ཚུལ་སླེབས་པ་ནི་ལྡོག་ཏུ་མེད་པ་དང་རྒྱུན་ལྡན་ཞིག་རེད། ཀླུ་སྨྱོན་གྱི་ཞལ་ནི་འབྲུག་སྨྱོན་དང་འདྲ་བས་སོ། །
རྗོད་བྱེད་དབྱངས་ལ་སྦྱར་བའི་ཚིག་ཕྲེང་ལེགས།།
ཟབ་མོའི་དོན་ལ་སུག་པའི་བརྗོན་བྱ་བཟང་།།
སྒྲ་དོན་ཉམས་ཀྱིས་སྒེག་པའི་སྙན་ངག་འདི།།
ཀླུ་སྨྱོན་ཚངས་སྲས་ཞལ་གྱི་དགོད་སྒྲ་ཞིག །
ཀླུ་སྨྱོན་ལགས་ཀྱིས་བྲིས་པ་ཡི།།
སོ་སྐྱེས་སྙན་ངག་ཅེས་པ་འདི།།
ཤར་མར་ལན་གཅིག་བཀླཊ་པ་ན།།
ཚོར་བའི་བརྗོད་གཞི་ཕར་མ་འཚོལ།།
བརྗོད་གཞིས་ཚོར་བར་ཚུར་འཚོལ་ནས།།
ཤར་མར་ལག་གིས་བྲིས་པ་ཡི།།
ཚོར་བ་དངོས་ཀྱི་སྙན་ངག་གཅིག།
ཡིན་པའི་ཚོར་བ་ཐོལ་གྱིས་སྐྱེས།།
མཆུ་འདབ་ནུ་འབུར་བྷ་ག་རྣམས། །
སོ་སྐྱེས་སྙན་དངགས་བརྗོད་བྱ་དང་། །
རལ་གཅོད་གཟན་ཤམ་ལྷུང་བཟེད་སོགས། །
འཕགས་པའི་སྙན་དངགས་བརྗོད་བྱའོ། །
རྫོབ་སྐྱེས་སྙན་ངག་བཀླགས་ནི་ཚར་བ་དང་།།
ཁ་ནས་བཤད་ཚད་ཡིད་ན་ཡོད་ཚད་དག།
སུ་ཡིན་སུ་མིན་ཅི་ཡིན་ཅི་མིན་སོགས།།
ཆ་རྒྱུས་མེད་པའི་བརྗོད་བྱ་རྗོད་བྱེད་ཞིག།