མགལ་དུམ།
སྐད་ཆ་དག་སྙིགས་མའི་སྣོད་ཁ་རུ་མ་རྫོངས་ཤིག
ཚོར་བའི་འོ་སྦྲིས་མཐུག་པའི་སྙིང་གཏམ་དང་།
བུ་རམ་གྱི་རོ་བཅུད་མངའ་བའི་འདུ་ཤེས་ཚོ།
གློ་བུར་ཁོ་ན་ལས་བཙས་བ་མ་ཡིན་ཕྱིར།
སང་ཉིན་གྱི་ལྟོགས་སྐོམ་ཡོད་ཚད་རོ་དེ་ཉིད་ཀྱིས་སེལ་ངེས་བ་ཡིན།
མི་སེམས་ལ་ལྐུགས་ཉམས་ཀྱིས་རྣོ་གྲི་དབལ་ཚུལ་དེས།
མི་བུ་དག་སྨྱོན་པར་གྱུར་འགྲོ་ལ།
དམྱལ་བ་ཡིན་སྣང་གི་ཟུག་གཟེར་སྣ་མང་གིས་ཀྱང་།
སྐྱེ་བ་དང་གསོན་པ་ནི་སྙིང་བོ་ལར་ནས་མེད་པར་ཐག་གིས་བཅད་ཟིན་ཡང་སྲིད།
དེ་ནི་མི་སེམས་ཀྱི་སྨོན་པར་ཚེར་མའི་སྣེ་ཟུག་བཞིན་པས་སོ།
དེ་ནི་ས་རུབ་པ་ནས་ནམ་མ་ལངས་པ་དེ་གས་སོ།
བར་ཐག་གིས་བར་ཐག་ལ་བར་ཐག་བཟོ་མོད།
དེ་ནི་ནམ་ཡང་མཐུད་ཆོག་ཆོག་ཡིན་པ་སུ་ཡང་བསྙོན་དུ་མེད།
འོན་ཀྱང་། རབ་རིབ་ལས་རབ་རིབ་ཏུ་བསྒྱུར་ཞིང་།
མུན་པ་ཁོ་ནས་བསུ་བ་བྱ་རྩིས་ཡིན་ཚེ།
འཇིག་རྟེན་དེ་སྔ་མོ་ནས་སྡོམ་རྒྱག་པར་བརྩོན་ཞིག་གུ
ནན་གྱིས་གླེང་མྱོང་བ་ཚོ་ཐེ་ཚོམ་དང་འབྲེལ་བ་མེད།
བསྐྱར་དུ་བཟླས་ཟིན་པའང་རིན་ཐང་གིས་འབོར་མི་སྲིད།
ཨུ་ཚུགས་ཀྱིས་མགྲིན་པ་བཙུར་ཞིང་།
མིག་ཆུས་མཆོད་པ་འཇོག་འདོད་མཁན་སུ་ཡང་ཡོད་ངེས་མིན།
ནམ་དུའང་ཡོད་ངེས་མིན།
༢༠༡༥-༢-༡༦ཉིན། Mona valeནས།