སྐད་ཆ་ལྡབ་ལྡིབ་འགའ་ལ་རང་ལན་སྐྱོན་པ།བོད་ནས་ལྷམ་ཀོག་གིས་
རྩོམ་པ་པོའི་རེ་བ་ལྟར་བཀོད་ཡིན་་་་་་་་་་་་་་་་་་་་་་་་
དེང་གི་སྐབས་སུ་མི་དེ་དབུ་མ་བ་རེད་ཅེས་སྨྲ་ཚེ། ན་གཞོན་རེ་འགའི་སྣང་ངོར་མི་དེ་ནི་ཆོད་མེད་པའི་ཀུན་མཐུན་པ་ཞིག་རེད་ཅེས་པའི་བརྡ་ཞིག་འཕྲོད་འོང་གིན་འདུག དེ་ཡང་ཁག་མི་འདུག དབུ་མ་བ་འདི་སྤྱིར་ཆོས་ལུགས་ཕྱོགས་སུ་སྤྱོད་པའི་ཐ་སྙད་ཅིག་གོ། འོན་ཀྱང་དབུ་མ་ཞེས་པའི་ཐ་སྙད་འདི་འང་སོ་ན་མི་གནས་པར་རྒྱབ་ལྗོངས་ངེས་པ་ཅན་ཞིག་ནས་འགྱུར་མགོ་ཚུགས་ཤིང་། དེང་གི་སྐབས་འདིར་དབུ་མ་བ་ཞེས་པའི་མིང་བརྡ་འདིས་རིག་གནས་གསར་རྙིང་གི་མཐའ་ལ་མ་ལྷུང་བ་ཞིག་གམ་ཆབ་སྲིད་ཀྱི་ངོས་ནས་ཀྱང་རང་རྒྱལ་དང་གཞན་ཕན་ཁོ་ནས་རིས་སུ་མ་ལྷུང་བ་ཞིག་ཏུ་སྟོན་གྱིན་ཡོད། དེའི་ཕྱིར་དབུ་མ་བ་ཟེར་བ་འདི་འཆམ་མཐུན་གྱི་ཕྱོགས་སུ་གཞོལ་བའི་རིག་པའི་ལམ་གྱི་ཁས་ལེན་ཞིག་ཡིན་པ་ཧ་གོ་དགོས་པ་དེ་རེད། ཀ་ཁ་རྟ་མགོ་ཙམ་ཡང་མི་ཤེས་པའི་ཞིང་འབྲོག་མང་ཚོགས་ཀྱིས་གང་ཡིན་ན་འང་སྐྱབས་སུ་མཆིའོ་ཞེས་པའི་ཁས་ལེན་དེ་དབུ་མ་བའི་ཁས་ལེན་མ་རེད། རིག་པ་གསར་རྙིང་གི་རིས་སུ་མ་ཆད་པར་གཉིས་ཀའི་ཆ་ནས་ལེགས་ཆ་མཐོང་བ་དེའོ། དགེ་ཆོས་རིན་པོ་ཆེས། ཧྲིལ་གྱིས་འདོར་བ་དང་ཧྲིལ་གྱིས་ལེན་པ་ནི་རྣམ་དཔྱོད་ཅན་དག་གི་སྤྱོད་ཡུལ་མ་ཡིན་ནོ།། ཞེས་གསུངས་པ་དེ་དང་སྒོ་ཀུན་ནས་མཐུན་པ་ཞིག་རེད། རིག་པ་གསར་རྙིང་གི་དགེ་ཕྱོགས་དང་མི་མཐུན་ཕྱོགས་ཤེས་པ་ཞིག་གི་ངོས་ནས་དབུ་མ་བ་དེ་འབྱུང་དགོས་པ་ཡིན་ཙ་ན། རིག་པ་སྨྲ་བའི་གསར་བུ་དག་དང་ཁ་ནས་ཀུན་དང་མཐུན་དགོས་ཟེར་གིན་སྲོལ་རྒྱུན་གྱི་དགེ་སྐྱོན་ལ་གཙང་བཙོག་མེད་པར་མཁྲེགས་འཛིན་བྱེད་པ་དག་གིས་བརྙས་བཅོས་བྱ་བ་ནི་གནས་མ་ཡིན་པར་འདོད། འུ་ཅག་ལ་དབུ་མ་བའི་ལམ་འདི་ལྟ་བུ་ཞིག་ཀྱང་ངེས་པར་མཁོ་ཡི་འདུག རིག་གནས་གསར་རྙིང་གི་སྦྲེལ་མཐུད་ཅིག་མེད་དུས། ཤ་ལ་དགའ་བ་དང་ཞོ་ལ་དགའ་བ་གཉིས་ཀྱི་དོན་མེད་པའི་ནང་འཛིངས་བྱེད་གྱིན་བྱེད་གྱིན་མཐར་སྒམ་དཀྱེལ་དང་དཔྱོད་ཤེས་ཟེར་བ་འདི་ཡང་ཐལ་བའི་རྡུལ་དུ་བཏང་ནས། ཕན་ཚུན་ལ་མི་མཐུན་པའི་སྐད་ཆ་རླུང་སྐུར་མ་རེ་བྱས་ཏེ་རིག་གནས་མཉམ་གནས་ཀྱི་འཇིག་རྟེན་དེ་རྦད་ཀྱིས་བཅོམ་ངེས་པ་རེད། རིག་གནས་གསར་བའི་དགེ་མཚན་ནི་སྐྱེས་པོ་སྒེར་གྱི་འཚོ་གཞེས་ནས་མགོ་བརྩམས་ཏེ་མི་རིགས་དང་རྒྱལ་ཁབ་ཀུན་གྱིས་དང་ལེན་བྱ་དགོས་པ་དང་། གལ་ཏེ་དེ་ལ་འདའ་འགོངས་ཀྱིས་ཨུ་ཚུགས་བྱས་ནས་བསྡད་ན་མཇུག་འབྲས་རང་གི་མགོ་ཐོག་ལ་ལྕིད་ཏིག་གེར་བབ་ཡོད་པ་འདི་ཡིན་པ་སྙོན་དུ་མེད་མོད། ད་དུང་ཁ་ཁུ་སིམ་པའི་རི་ཁྲོད་ཀྱི་སྐད་ཆ་ཞིག་གིས་མི་རིགས་ཤིག་ལ་བརྡ་གཏོང་བ་དེ་ཡང་འོས་སུ་མ་མཆིས་ཤིང་། དེ་ནི་དུས་རབས་ལ་འགན་མ་འཁུར་བ་དང་གཡོན་ལྷུང་གི་ལྟ་བ་ཤུགས་དྲགས་པས་རེད་མོད། དེ་ཙམ་རྒྱུ་མཚན་དུ་བྱས་ནས་སྔོན་གྱི་གོམས་སྲོལ་དང་རིག་གཞུང་ལ་འདོར་ལེན་མེད་པར་རྒྱང་དུ་སྤྱུགས་དགོས་པར་འདོད་པ་ཡང་ལོ་རྒྱུས་ཀྱི་ཉེས་ཅན་དང་ནམ་ཞིག་བྱིས་པ་ཐང་སྟོང་དུ་ལྷུང་བ་ལྟ་བུའི་ཚུལ་དུ་འགྲོ་སྲིད། དེ་ལྟའི་ལམ་ལ་མང་དུ་བསམ་དགོས་པ་དང་སྐྱབས་མགོན་ཡིད་བཞིན་ནོར་བུའི་ཆོས་ལུགས་ཀྱི་དགོངས་པ་དང་དཀྱེལ་ཡངས་དེར་སློབ་སྦྱོང་ངེས་པར་བྱ་དགོས་པར་འདོད། ཁོང་གིས་ཚན་རིག་དང་ཆོས་ལུགས་གཉིས་རྣམ་པ་ཀུན་ཏུ་གཅིག་གི་ཚབ་གཅིག་གིས་བྱ་ཐུབ་པར་འདོད་པ་མ་ཡིན་པར། ཕན་ཚུན་གྱིས་གཞོགས་འདེགས་གལ་ཆེ་ཚུལ་དེ་གླེང་བར་གོ་རྒྱུ་ངེས་ཅན་ཞིག་འདུག དེའི་བསམ་བློ་ནི་དཀྱེལ་ཡངས་ཟེར་བ་དེ་རེད། དེ་ལྟ་བུའི་ལྟ་བ་ཞིག་འདི་གར་ཆགས་ཐུབ་ན་རིག་གནས་མཉམ་གནས་ཀྱི་ཁོར་ཡུག་ཅིག་ཏན་ཏན་ཆགས་ངེས་པ་རེད། ད་སྐབས་བོད་ཕྱི་ནང་གཉིས་ཀྱིས་སྐྱབས་མགོན་ཡིད་བཞིན་ནོར་བུ་ལ་སྐྱབས་སུ་མཆིའོ་ཟེར་གྱིན་ཡོད་མོད། ཁོང་གི་རིག་གནས་ཀྱི་ལྟ་བ་དེར་དོན་གྱིས་ཁས་ལེན་སྟེར་གྱིན་མི་འདུག ད་སྐབས་ད་དུང་ཆོས་གྲྭ་བའི་བསམ་བློ་དེ་བསམ་བློའི་ངོས་ནས་འདང་བརྒྱབས་ན་མང་ཕྱོགས་ཤིག་ནི་ལོ་རབས་བརྒྱད་ཅུ་བའི་ཚུལ་དུ་ལུས་འདུག གྲྭ་སའི་རྟ་ལྕགས་ཀྱི་ཆད་ལས་དང་། སྤྲུལ་སྐུའི་མང་ཚོགས་དང་དགོན་པར་རྟིང་འཛིན་བྱེད་ཚུལ། དེ་མིན་དགོན་པའི་སྒྲིག་གཞི་སོགས་མང་དུ་སྣང་ངོ་། འོན་ཀྱང་གྲྭ་ས་ལ་གྲྭ་སའི་ཁྱད་ཆོས་ཤིག་དགོས་ཀྱང་དུས་རབས་ཀྱི་མིའི་སྤྱི་ཚོགས་དང་མཐུན་པ་ཞིག་ཏུ་བསྒྱུར་ཐུབ་གིན་མི་འདུག་པ་འདི་ཡང་རིག་གནས་མཁྲེགས་འཛིན་གྱི་ལས་ཤིག་ཏུ་འཁུམས་པས། དེ་ལྟའི་རྒྱུན་འཛིན་པ་དག་ལ་གཡོན་ལྷུང་གི་ལྟ་བ་ཤུགས་དྲགས་པས་རིག་གནས་མཉམ་གནས་ཀྱི་དབུ་མ་བ་ཞིག་ཏུ་འགྱུར་བར་སྐན། དེ་ལས་གཞན་གསར་བུ་རེ་འགས་གྲྭ་བ་ཞིག་གམ་ཡང་ན་ལག་ཏུ་འཕྲེང་བ་ཐོག་མཁན་ཞིག་རིག་དུས་དེ་ནི་ཀླད་རྙིང་དུ་བརྩི་བ། ཁ་ནས་ཀྱང་སྲོལ་རྒྱུན་པ། རྙིང་ཞེན་པ། མདོར་ན་ཅི་ཡང་མི་ཤེས་པ་ཞིག་ཏུ་མཐོང་བས་ནི་རིག་གནས་མཉམ་གནས་ཀྱི་སྒོ་གཅོད་དོ། མདོར་ན་ཕྱོགས་དེ་གཉིས་ལ་རིག་གནས་མཉམ་གནས་མེད་པ་དེ་བཞིན། དོན་གྱི་རིག་པ་དབུ་མ་ཞིག་ཀྱང་མེད་ལ། འཆམ་མཐུན་དང་མཁས་བརྒྱ་འགྲན་གླེང་ཞིག་ཀྱང་ཡོད་མི་སྲིད། ཕན་ཚུན་ལ་ཀླ་ཀློ་དང་དམ་ཉམས། བསྟན་དགྲ། ཁྱི་རྒན་སོགས་དང་། ཁ་ལག་གཉིས་ནས་དུས་རབས་ཀྱི་གདོང་མི་རིག་པ། ཆབ་སྲིད་ཀྱི་གནད་མི་བརྟོལ་བ། མ་འོངས་པའི་ཕུགས་རྒྱང་མི་མཐོང་བའི་ཕྱོགས་ཁ་ཙམ་པོ་ཞིག་གི་རྣ་བ་འཛིན་ཁུལ་གྱིས་དགག་ཡིག་ཙག་ཙིག་རེ་འབྲི་བར་གོམས་ཡོད། འདི་ལྟ་བུ་དག་ནི་སྲོལ་རྒྱུན་པ་ཡིན་པས་སྲོལ་རྒྱུན་གྱི་རྐང་མི་ཟིན་ལ། ཧོལ་རྒྱུགས་པ་ཡིན་པ་མེས་པོའི་རུས་མི་ཟིན། རིག་གནས་གསར་རྙིང་གང་གི་ཕྱོགས་ཁའི་བསྡད་རུང་གཡོན་ལྷུང་བ་ཟེར་དེ་ཡིན་པས་སྒེར་གཅོད་ཀྱི་རིགས་སུ་གཏོགས་པའོ། འདི་དག་ལ་མདོར་ན་སྒམ་དཀྱེལ་དང་བློ་མིག་ཡོད་མི་སྲིད་པས་རིག་གནས་མཉམ་གནས་ཤིག་གང་དུ་ཡོད། དེའི་ཕྱིར་ངས་ནི་དབུ་མ་བ་ཞེས་པ་འདི་སྒེར་གཅོད་དུ་མི་གཏོགས་པའི་རིག་གནས་མཉམ་གནས་ཀྱི་ཁོར་ཡུག་ཅིག་གི་སྔོན་འགྲོ་རྨ་མེད་པར་འདོད་དོ།།