ཉེ་ཆར་དུས་བབ་དང་ཁ་བརྡའི་དྲ་རྒྱ་ན་སྐད་ཡིག་གི་སྐོར་ལ་གླེང་སློང་ལངས། དེ་དག་གི་ཁྲོད་དུ་ཧོར་གཙང་འཇིགས་མེད་ཀྱི་སྩ་ཡིག་གི་གསང་བ་དང་། མདའ་ཚན་པའི་སྦྲ་ཡིག་གི་དཔྱོད་པ་དང་བྱེད་འབྲེལ་བྱེད་མེད་ཀྱི་ཁྱད་པར། སྒོམ་སྡེ་བའི་པ་ཝའི་སྒྲ་གདངས་དྭོགས་གཅོད་སོགས་རེད། ད་བར་གྱི་གནས་ཚུལ་ལ་བརྟགས་ན། སྐད་ཡིག་གི་སྐོར་ལ་དཔྱོད་པ་ནི་ང་ཚོ་ཧ་ཅང་དགའ་སའི་བརྗོད་གཞི་ཞིག་ཡིན་པ་གསལ། ང་ཚོས་སྐད་ཡིག་གི་སྐོར་ལ་ཚོགས་འདུ་ཡང་མང་པོ་འཚོགས་མྱོང་། ང་ཚོས་དག་ཆ་ཚུན་ནས་ཚུར་བླངས་ཏེ་རྩོད་པ་ཚ་ཚ་འུར་འུར་བྱས་མྱོང་། ང་ཚོ་ལ་སྐད་ཡིག་གི་རྩོམ་དང་དེབ་ཀྱང་མང་པོ་སྟོན་རྒྱུ་ཡོད། རང་ཉིད་ལ་མཚོན་ན་ཡང་སྐད་ཡིག་གི་སྐོར་ལ་བསམ་བློ་གཏོང་རྒྱུར་ཧ་ཅང་དགའ། སྐད་ཡིག་གི་སྐོར་ལ་དགའ་བའམ་དོ་སྣང་བྱེད་པ་འདིའི་རྒྱུ་མཚན་ཅི་ཡིན་ནམ། ཡང་ན། ང་ཚོ་སྐད་ཡིག་ལ་ཐུག་སྐབས་འདི་ལྟ་བུའི་འཚབ་ཤ་ཞིག་ལངས་དོན་ཅི་ཡིན་ནམ།
རྒྱུ་མཚན་དང་པོ་ནི་འཇིགས་སྣང་ཞིག་ཡིན་པ་འདྲ། དེ་ཡང་རྒྱ་ནག་གིས་བོད་དུ་དབང་བསྒྱུར་བྱས་སྟབས་མི་རིགས་སྐད་ཡིག་དང་བཅས་པ་རྩ་མེད་བཟོ་བཞིན་ཡོད་ཅེས་པའི་གཏམ་འདིས་ང་ཚོའི་སེམས་རྩ་འཕར་བཅུག སེམས་པ་འཚུབ་བཅུག སེམས་པ་འཚུབ་པའི་ཞོར་ལ་ང་ཚོས་སྐད་ཡིག་སྤྱོད་ཉེས་ཕྲན་བུ་ཙམ་ལའང་སེམས་འཚབ་རི་འདྲ་བ་རེ་འཁྱེར་ནས་ཡོང་གི་ཡོད། སྐད་ཡིག་ཐོག་རྩོམ་ཡིག་རེ་རེ་འབྲི་སྐབས་ཀྱང་སྐད་ཡིག་རྒྱུན་འཛིན་ལ་དམིགས་པའི་ཀུན་སློང་གང་འཚམས་རེ་ཡོང་གི་ཡོད། སྤྱོད་ཚུལ་དེ་འདྲའི་ཐོག་ནས་ང་ཚོས་དུས་རབས་ཉེར་གཅིག་པ་འདིའི་ནང་བོད་ཀྱི་སྐད་ཡིག་སྐྱོབ་ཐབས་ལ་བརྩོན་བཞིན་ཡོད་ལ། ཐབས་དེ་འདྲ་ལ་འབྲེལ་བའི་ཡི་མུག་དང་སྤྲོ་སྣང་སོགས་འབྱིན་བཞིན་ཡོད།
རྒྱུ་མཚན་གཉིས་པ་ནི། ང་ཚོའི་སྐད་ཡིག་འདི་དགོན་པའི་ཆོས་རྭ་དང་། སྡེ་པ་གཞུང་གི་གཞུང་འབྲེལ་ཡིག་ཆ་སོགས་ལ་བཀོལ་ནས་སྣང་བ་སྐྱིད་པོར་སྡོད་པའི་སྐབས་སུ། གློ་བུར་དུ་མིང་ཚིག་སྟོང་ཕྲག་དང་ཁྲི་ཕྲག་མང་པོའི་དགོས་མཁོ་ཡོད་པར་གྱུར། མིང་ཚིག་དེ་དག་ཀྱང་ཉིན་ཞག་འཁོར་མོའི་ཡུན་གཅིག་ལ་དགོས་གལ་ཆེ་བར་གྱུར། མིང་ཚིག་སྟོང་ཕྲག་དེ་དག་གི་ཐོག་མ་ནི་ཧ་ལམ་དགེ་འདུན་ཆོས་འཕེལ་གྱི་རྩོམ་ཡིག་དག་དང་། གསར་འགྱུར་མེ་ལོང་སོགས་ནས་ཐོན་ཡོད་ལ། མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བཏུས་དང་རྒྱ་ནག་གི་རྩ་ཁྲིམས་བོད་བསྒྱུར་སྐབས་ནས་ཀྱང་ཐོན་ཡོད། ད་མིང་ཚིག་འགའ་རེ་མི་རེའི་བློ་སྟོབས་ནས་བྱུང་ཞིང་། མིང་ཚིག་འགའ་རེ་ནི་མཁས་པ་ཚོས་བགྲོ་གླེང་གིས་ཐག་བཅད་དེ་ཡོང་། ད་མིང་ཚིག་སྟོང་ཕྲག་རི་བ་དེ་ཚོ་སྤྱི་ཚོགས་ཐོག་བཀྲམས་སྐབས། སྐད་ཡིག་གཞན་ཞིག་གི་མིང་ཚིག་ལྟ་བུར་གྱུར་ཏེ། ཡུན་རིང་པོར་ང་ཚོའི་སྐད་ཡིག་ཐོག་འབྱོར་མ་ཐུབ་པར་ལུས་པ་རེད། བོད་ལྗོངས་ཉིན་རེའི་ཚགས་པར་ལྟ་བུའི་སྟེང་སྤེལ་བའི་ཆབ་སྲིད་ཀྱི་རྩོམ་ཡིག་དག་ནི་ཧ་ལམ་བོད་ཡིག་རྐྱང་པའི་ཐོག་ནས་གོ་བ་ཆ་ཚང་འབྱིན་ཐུབ་རྒྱུ་ཧ་ཅང་དཀའ་བ་དེ་འདྲ་རེད།
རྒྱུ་མཚན་གསུམ་པ་ནི། དུས་རབས་སྔོན་མའི་ནང་མིང་ཚིག་ཁ་སྣོན་བྱས་པ་དེས་བོད་སྐད་ལ་འདང་མ་ཐུབ། སྐད་ཡིག་ལ་མིང་ཚིག་གི་དགོས་མཁོ་ཇེ་ཆེར་གྱུར། མིང་ཚིག་གསར་པ་དང་ཅ་ལག་གསར་པ་ནི་ཆུ་ལོག་ཆེན་པོའི་ཚུལ་གྱིས་འཕེལ། བོད་ཀྱི་སྐད་ཡིག་གིས་རྗེས་མ་ཟིན། གློག་ཀླད་དང་དྲ་རྒྱ་ཞེས་པའི་མིང་ཚིག་འདི་དག་ལ་ཡང་རྩོད་པ་བརྒྱབ་བརྒྱབ་ནས་ད་དུང་ཡང་ཐག་གིས་ཆོད་པ་ཞིག་བྱུང་མེད། དེའི་ཁར་བོད་ནང་ནས་རྒྱ་ཡིག་གི་གོ་བའི་ཐོག་ནས་ཚིག་རེ་བཟོས། བཙན་བྱོལ་ནས་དབྱིན་ཡིག་སོགས་ཀྱི་གོ་བའི་ཐོག་ནས་ཚིག་རེ་བཟོས། ༼གློག་ཀླད་མཉེན་ཆས་ཀྱི་ངོ་སྤྲོད་ཅིག་བོད་ཡིག་ཏུ་བྲིས་པ་ཞིག་བཀླགས་སྐབས། བོད་སྐད་དུ་རྒྱ་ཡིག་གིས་བྲིས་པ་ཞིག་དང་ཀུན་ཏུ་མཚུངས། གོ་བ་ལེན་ཐུབ་པ་ཞིག་མི་འདུག ངས་ཀྱང་ བོད་ཡིག་གི་ཡིག་གཟུགས་བརྗེ་བསྒྱུར་སྐོར་གྱི་རྩོམ་ཡིག་ཅིག་དབྱིན་ཡིག་ནས་བོད་སྐད་དུ་བསྒྱུར། མིང་ཚིག་རྣམས་སྒྲིག་ཏེ་བྲིས་སྐབས་ཧ་ལམ་གོ་བ་སྟེར་ཐུབ་པ་ཞིག་མི་འདུག དེ་ནས་ངས་མིང་ཚིག་དང་ཚིག་མང་ཆེ་བ་བློས་གཏོང་བྱས་ནས། ངའི་གྲོགས་པོ་ལ་བཤད་བཅུག་སྟེ། བསྐྱར་འབྲི་བྱས། ད་གོ་བ་ལོན་པ་ཞིག་བྱུང་ལ། ཕྱིས་སུ་རྩོམ་ཡིག་དེ་བོད་ནང་གི་དྲ་རྒྱ་ཁག་ན་ཡང་ངོ་བཤུས་བྱས་ཏེ་བཀོད་འདུག༽ ཚིག་འབྲུ་རྣམས་དཀྱུས་གཅིག་ཏུ་བསྒྲིགས་སྐབས་བོད་སྐད་ཀྱི་བྲོ་བ་དེ་ཤོར། མཚམས་དེ་ལ་ང་ཚོ་མགོ་བོ་ནག་འཐོམས་མེར་གྱུར་ནས། “ཨ་ཁ ད་ཅི་བྱ།” སྙམ་པ་ཞིག་བྱུང་བ་མིན་ནམ་དྲན།
རྒྱུ་མཚན་བཞི་པ་ནི། རང་ཅག་ཀུན་གྱི་མིག་ན་ཡོད་པ་དེ་རེད། ང་ཚོ་ལ་ནུས་པ་ཡོད་ཀྱང་དབང་ཆ་མེད། ང་ཚོ་ལ་ནུས་པ་ཡོད་ཀྱང་མཐུན་རྐྱེན་མེད། ཚང་མ་ “གཞན་དབང་སྟབས་བསྟུན་”ཡིན་པ་དེ་རེད།
གོང་གསལ་གྱི་རྒྱུ་མཚན་འདི་དག་ལ་བརྟེན་ནས། ད་ང་ཚོ་ལ་མིང་ཚིག་རེ་རེའི་རྩོད་པ་དེ་འདྲ་དང་། སྐད་ཡིག་ལ་འཐམས་པའི་རྩོམ་ཡིག་དེ་ཚོ་བྱུང་དང་འབྱུང་བཞིན་པ་མིན་ནམ་དྲན། མིང་ཚིག་གསར་པ་རེ་རེ་སླེབས་སྐབས་དྭོགས་པ་དང་འདྲོགས་ཆེན་པོ་ཞིག་སླེབས་བཞིན་པ་མིན་ནམ་དྲན།
ད་བསྐྱར་དུ་བསམ་བློ་ཞིག་བཏང་སྐབས་འདི་འདྲ་ཡང་དྲན་ཏེ།
དང་པོ་ནི། བོད་ཀྱི་སྐད་དང་སྐད་ཡིག་རྒྱུན་འཛིན་གྱི་སྐོར་ཡིན། བཤད་སྲོལ་ཞིག་ལ། བྱིས་པ་ཞིག་གིས་རང་གི་སྐད་དེ་ལོ་ལྔའི་ནང་ཚུན་ལ་རང་རྒྱུད་ལ་ལེན་ཐུབ་ཟེར། དེ་ཡང་ཕ་མ་དང་། དེ་ནས་རྩེ་གྲོགས་ཚོའི་ངག་ནས་སྐད་དེ་ལེན་ཐུབ་ཟེར། འདི་ལྟར་བྱས་ཚེ། ཁམས་སྡེ་དགེ་ན་ ༢༠༠༥ ལོར་སྐྱེས་པའི་བུ་མོ་བདེ་སྐྱིད་ཀྱིས་ ད་ཆ་བོད་སྐད་ཆུ་རྒྱུགས་རྒྱུགས་བཤད་ཀྱིན་ཡོད། ད་ བུ་མོ་བདེ་སྐྱིད་ཀྱིས་བོད་ཡིག་ཆུ་རྒྱུགས་རྒྱུགས་འབྲི་ཀློག་ནམ་ཞིག་ལ་འཕེར་མིན་དེ་དངོས་གནས་རྙོག་ཁྲ་ཚ་པོ་ཞིག་རེད། འོན་ཀྱང་ ༡༩༥༩ ལོ་ནས་ད་བར་དུ་བྱུང་བའི་གནས་ཚུལ་ལ་བརྟགས་ཚེ། བུ་མོ་བདེ་སྐྱིད་ལ་མཐུན་རྐྱེན་འཛོམས་ཚེ། མོས་ད་ནས་ ལོ་ ༡༠ ཡི་ནང་ཚུད་བོད་ཡིག་འབྲི་ཀློག་འཕེར་ངེས་རེད། རྒྱུ་མཚན་འདི་མདོ་དབུས་ཁམས་གསུམ་སྤྱད་ཚེ། ད་དུང་བོད་ཀྱི་སྐད་དང་སྐད་ཡིག་འདི་ཡུན་རིང་པོར་གནས་པའི་བཀྲ་ཤིས་གཏམ་བཟང་མང་པོ་འདུག་དྲན།
གཉིས་པ་ནི། མིང་ཚིག་གསར་པས་འདང་མ་འདང་གི་སྐོར་དེ་ཡིན། འདི་ནི་བོད་སྐད་ཁོ་ན་ལ་འཕྲད་པའི་དཀའ་ངལ་ཞིག་མ་རེད་ལ། ཧ་ལམ་འཛམ་གླིང་གི་སྐད་ཡིག་ཡོད་ཚད་ལ་འཕྲད་བཞིན་པའི་རྣམ་པ་ཞིག་རེད། འོན་ཀྱང་ཁྱད་པར་ཞིག་ནི། སྐད་ཡིག་གཞན་ལ་མིང་ཚིག་གསར་པ་རེ་སླེབས་སྐབས་དེ་དག་བེད་སྤྱོད་བྱེད་པ་དང་། སྤེལ་རེས་བྱེད་པ། གསར་འགྱུར་བརྒྱུད་ལམ་ཁག་དང་མཐའ་ན་ཚོང་ཟོག་ཚུན་ནས་ཀྱང་མིང་ཚིག་དེ་བེད་སྤྱོད་བྱེད་མོད། བོད་སྐད་ལ་འདི་འདྲའི་གོ་སྐབས་དང་གོམས་གཤིས་ཧ་ཅང་ཕྲ་བ་དེ་རེད་དྲན། དེ་མཚུངས་ཅ་ལག་གསར་པ་རེ་ཐོན་སྐབས་བོད་སྐད་དུ་བོད་མི་ལ་གོ་བ་ལེན་ཐུབ་པ་ཞིག་བཟོ་རྒྱུ་གཙོ་བོར་མ་བལྟས་པར་ཚིག་འབྲུ་རེ་རེ་ལ་གཙིགས་འཛིན་ཆེ་དྲགས་པ་ཞིག་མེད་སྙམ། དོན་འདི་ཁ་གསལ་དུ་བཏང་ན། ང་ཚོས་གཞན་གྱི་ལད་ཟློས་བྱེད་རྒྱུ་མང་དྲགས་ནས། བོད་སྐད་ཀྱི་རང་བཞིན་ངོ་མ་ཞིག་ཤོར་བཞིན་མེད་དམ་དྲན། ངས་བོད་ནས་ཕེབས་པའི་མཁས་པ་ཞིག་ལ་སྐད་བསྒྱུར་ཞུས། ཁོང་གིས་ བོད་ཀྱི་རྩོམ་རིག་གསར་རྙིང་གི་ཁྱད་པར་གསུངས་སོང་། སྲོལ་རྒྱུན་རྩོམ་རིག་གིས་ “འཚོ་བ་དངོས་”མཚོན་གྱི་མེད་ཅེས་གསུངས་སོང་། ངས་འཚོ་བ་དངོས་ཟེར་བ་དེ་ “Real life” ཞེས་བསྒྱུར་པ་ཡིན། འཚོ་བ་ཟེར་བ་འདི་བོད་ནང་ལ་ད་ཆ་ཡོངས་གྲགས་ཀྱི་ཚིག་ཅིག་རེད། ཡི་གེ་མི་ཤེས་པའི་ངའི་ཨ་མས་ཀྱང་། ད་ངའི་འཚོ་བ་ཡག་པོ་ཡོད་ཅེས་ཟེར། ད་ངའི་རྩོད་པ་ནི། འོ་ན་ མི་ཚེ་ ཞེས་པའི་ཚིག་འདི་ལ་བེད་སྤྱོད་མེད་པ་ཡིན་ནམ་ཞེས་པ་འདི་རེད། འཚོ་བ་ཞེས་པའི་ཚིག་འདི་རྒྱ་སྐད་ནས་ཡོང་བ་ཞིག་ཡིན་ནམ། ཡང་ན། བོད་སྐད་ཐོག་གོ་བ་ཆགས་ཟིན་པའི་འཚོ་བ་ཞེས་པའི་ཚིག་འདིའི་གོ་བ་དབྱིན་ཇིའི་སྐད་དང་ལུགས་སྲོལ་ལ་མེད་པ་རེད་དམ། འདི་དཔེ་མཚོན་ཙམ་ཞིག་ཡིན།
ད་དུང་དོན་འགའ་བཤད་རྒྱུ་ཡོད་མོད། རེ་ཞིག་འདི་ཙམ་གྱིས་འཐུས་པར་བྱས་སོ།།
དཔྱོད་ལྡན་དགེ་རབ་མཆོག་གི་དགོངས་ཚུལ་ལ་དགའ་མོས་བྱུང་།
བོད་མི་རིགས་ཀྱི་ཆོས་སྲིད་རིག་གནས་དཔལ་འབྱོར་བཅས་གོང་འཕེལ་ཡོང་ཕྱིར་བོད་རིགས་ཡོངས་ལ་སྤྱི་སྐད་གོ་བདེ་ཞིག་ངེས་པར་དགོས་སོ།
ལྷ་སའི་ཕྱོགས་ནས་གི་ལ་གིས་ཞེས་འབོད།
བྱེད་འབྲེལ་ཐ་དད་འབྱེད་པའི་སྒྲ་གདངས་མེད།
ནང་ཆེན་པ་ཡིས་འབྲུ་ལ་འབུ་ཞེས་འབོད།
ར་བཏགས་ཡོད་མེད་འབྱེད་པའི་སྒྲ་གདངས་མེད།
མགོ་ལོག་གསེར་རྟས་ཤིང་ལ་ཤང་ཞེས་འབོད།
གི་གུ་ཡོད་མེད་འབྱེད་པའི་སྒྲ་གདངས་མེད།
མངའ་རིས་ཕྱོགས་ནས་མེད་ལ་མེ་ཞེས་འབོད།
རྗེས་འཇུག་ཡོད་མེད་འབྱེད་པའི་སྒྲ་གདངས་མེད།
མཚོ་སྔོན་ཕྱོགས་ནས་མཆོད་ལ་མཆོལ་ཞེས་འབོད།
རྗེས་འཇུག་ད་ཡི་སྒྲ་གདངས་ཕལ་ཆེར་མེད།
ལྷོ་ཁའི་ཕྱོགས་ནས་སྤྲེལ་ལ་སྤེལ་ཞེས་འབོད།
ར་བཏགས་ཡོད་པའི་སྒྲ་གདངས་ཤིན་ཏུ་དཀོན།
རྫ་ཆུ་ཁ་དང་མི་ཉག་འབྲོག་པ་ཚོས།
གསལ་བྱེད་༼ག༽ལ་༼ཀ་ཆུང༽་ཞེས་སུ་བཏགས།
གསལ་བྱེད་༼ཆ་༽ལ་༼ཅ་རིལ་༽ཞེས་སུ་བཏགས
གསལ་བྱེད་༼ད་༽་ལ་ཏ་གཟེད་ཅེས་སུ་བཏགས།
དེ་ལྟར་ཡུལ་ལུང་སོ་སོའི་འདོན་ཚུལ་དང་།
སྐད་གདངས་སོགས་ལ་བརྟགས་ཅིང་དཔྱད་པ་ན།
གཞུང་དང་མཐུན་ཞིང་ཀུན་གྱིས་གོ་བདེ་བའི།
སྡེ་དགེའི་བོད་སྐད་ཕུན་སུམ་ཚོགས་པར་མཐོང་།
སུམ་བརྟགས་གཞུང་བཞིན་སྒྲ་གདངས་ཐོན་པ་དང་།
བོད་ཀྱི་བཙན་པོའི་ཡིག་སྐད་མ་ཉམས་པ།
སྨྲ་བའི་སྡེ་དགེའི་སྐད་ཀྱི་སྒྲ་གདངས་འདི།
གངས་ཅན་སྤྱི་སྐད་འོས་པའི་སྐད་གདངས་ཡིན།
དབུས་གཙང་ཨ་མདོ་ཁམས་དང་འབྲུག་པ་ཚོས།
སྡེ་དགེའི་སྐད་འདི་མྱུར་དུ་གོ་ཐུབ་པས།
བོད་ཁམས་བསྟོད་སྨད་བར་གསུམ་ཐམས་ཅད་ལས།
སྡེ་དགེའི་སྐད་འདི་སྤྱི་སྐད་འདེམས་པར་འོས།
དེ་ལྟར་ཡིན་མིན་ཡུལ་ལུང་སོ་སོ་ཡི།
མི་རྣམས་མཉམ་དུ་འཛོམས་ནས་དཔྱད་ན་ཤེས།
སོ་སོའི་ཡུལ་སྐད་རྒྱུན་འཛིན་བྱེད་བཞིན་དུ།
བོད་པའི་སྤྱི་སྐད་དར་བའི་བཀྲ་ཤིས་ཤོག །
བོད་རིགས་ཡོངས་ལ་སྤྱི་སྐད་གོ་བདེ་ཞིག་ངེས་པར་དགོས་སོ།
ཉེ་ཆར་དུས་བབ་དང་ཁ་བརྡའི་ དྲ་རྒྱ་ན་སྐད་ཡིག་གི་སྐོར་ལ་གླེང་སློང་ལངས། དེ་དག་གི་ཁྲོད་དུ་ཧོར་གཙང་འཇིགས་མེད་ཀྱི་སྩ་ཡིག་གི་གསང་བ་དང་། མདའ་ཚན་པའི་སྦྲ་ཡིག་གི་དཔྱོད་པ་དང་བྱེད་འབྲེལ་བྱེད་མེད་ཀྱི་ཁྱད་པར། སྒོམ་སྡེ་བའི་པ་ཝའི་སྒྲ་གདངས་དྭོགས་གཅོད་སོགས་རེད། ་་་
་་་་་མིང་ཚིག་སྟོང་ཕྲག་དེ་དག་ གི་ཐོག་མ་ནི་ཧ་ལམ་དགེ་འདུན་ཆོས་འཕེལ་གྱི་རྩོམ་ཡིག་དག་དང་། གསར་འགྱུར་མེ་ལོང་སོགས་ནས་ཐོན་ཡོད་ལ། མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བཏུས་དང་རྒྱ་ནག་གི་རྩ་ཁྲིམས་བོད་བསྒྱུར་སྐབས་ ནས་ཀྱང་ཐོན་ཡོད། ་་་་
་་་སྐད་ཡིག་གཞན་ལ་མིང་ཚིག་ གསར་པ་རེ་སླེབས་སྐབས་དེ་དག་བེད་སྤྱོད་བྱེད་པ་དང་། སྤེལ་རེས་བྱེད་པ། གསར་འགྱུར་བརྒྱུད་ལམ་ཁག་དང་མཐའ་ན་ཚོང་ཟོག་ཚུན་ནས་ཀྱང་མིང་ཚིག་དེ་བེད་སྤྱོད་ བྱེད་མོད། བོད་སྐད་ལ་འདི་འདྲའི་གོ་སྐབས་དང་གོམས་གཤིས་ཧ་ཅང་ཕྲ་བ་དེ་རེད་དྲན། ་་་་་
་་་རྒྱུ་མཚན་འདི་མདོ་དབུས་ ཁམས་གསུམ་ལ་རིགས་འགྲེས་ཀྱིས་སྤྱད་ཚེ། ད་དུང་བོད་ཀྱི་སྐད་དང་སྐད་ཡིག་འདི་ཡུན་རིང་པོར་གནས་པའི་བཀྲ་ཤིས་གཏམ་བཟང་མང་ པོ་འདུག་དྲན། ་་་།
བོད་ཀྱི་སྐད་ཡིག་ལ་ལ་རྒྱ་ཆེ་ལ་དུས་ཁོམ་མེད་མཁན་རྣམས་ཀྱི་ཆེད་དུ་ཟུར་བཀོལ་ཞུས།
བོད་རིགས་ཡོངས་ལ་སྤྱི་སྐད་གོ་བདེ་ཞིག་ངེས་པར་དགོས་ཀྱང་།
སྡེ་དགེ་འཇིགས་མེད་ལགས་ཀྱིས།
དེ་ལྟར་ཡུལ་ལུང་སོ་སོའི་འདོན་ཚུལ་དང་།
སྐད་གདངས་སོགས་ལ་བརྟགས་ཅིང་དཔྱད་པ་ན།
གཞུང་དང་མཐུན་ཞིང་ཀུན་གྱིས་གོ་བདེ་བའི།
སྡེ་དགེའི་བོད་སྐད་ཕུན་སུམ་ཚོགས་པར་མཐོང་།
འདིའི་ལན་དུ།
གཞན་གྱི་སྐད་ལུགས་སྐྱོན་རེར་ངོས་བཟུང་རང་སྐྱོན་སྦས། །
དབུས་གཙང་ཨ་མདོ་ཁམས་པ་འབྲུག་པ་བོད་རིགས་ཚོས། །
སྡེ་དགེའི་སྐད་འདི་བོད་ཀྱི་སྤྱི་སྐད་ལ་འདེམས་འོས། །
ཟེར་བ་ཨ་མའི་ཕོར་པར་གཙང་ཞེན་ཆེ་དང་འགྲན། །
སྲོང་བཙན་འཁྲུངས་ཡུལ་ང་ལ་བདག་ཅེས་རྗོད་པ་དང་། །
ཐོན་མིའི་གསུང་སྐད་ང་ཚོར་བདག་སོགས་ཤོད་བཞིན་པ། །
ཟླ་དཀར་དཀར་གུར་ལ་སོགས་ཚིག་བརྡས་ཕྱུག་པའི་སྐད། །
བོད་རིགས་འདི་འདྲའང་ཡོད་པའི་ཡུལ་སྐད་ཐོས་མྱོང་ངམ། །
ད་དུང་།
གསལ་བྱེད་༼ག༽ལ་༼ཀ་ཆུང༽་ ཞེས་སུ་བཏགས།
གསལ་བྱེད་༼ཆ་༽ལ་༼ཅ་རིལ་༽ ཞེས་སུ་བཏགས
གསལ་བྱེད་༼ད་༽་ལ་ཏ་གཟེད་ ཅེས་སུ་བཏགས།
བཏགས་པ་གསུམ་ལ་སྐྱོན་མེད་ཡོན་ཏན་མཐོང་།
རེ་ཞིག་དེ་ཙམ་མོ།
གགག་ད་གང
སྡེ་དགེས་རང་ལ་རོང་ཞེས་བརྗོད་པ་དང། །
སྐབས་ལ་སྐོབས་དང་གང་ལ་གོང་ཞེས་བརྗོད། །
ན་རོར་ཤིན་ཏུ་དུངས་པས་དབྱངས་བཞི་པ། །
ཡོད་མེད་ཁྱད་མེད་སྒྲ་གདངས་གཅིག་པར་ཀླག །
ཀ་རྡོ་ལགས་དང་མེ་ཏོག་ལགས།
དགོངས་ཚུལ་གསུངས་བ་ཐུགས་རྗེ་ཆེ།
ཕྱོགས་རིས་མེད་པའི་ཀུན་སློང་གིས།
སྡེ་དགེའི་སྐད་ལ་ཞིབ་འཇུག་མཛོད།
བོད་ཀྱི་སྤྱི་སྐད་འདེམས་དགོས་ན།
སྡེ་དགེའི་སྐད་ལས་ལྷག་པ་མེད།
བདག་གིས་ཡུལ་ལུང་སྣ་ཚོགས་པའི།
བོད་སྐད་བཤད་སྟངས་སྣ་ཚོགས་ཤེས།
བོད་རིགས་སྤྱི་སྐད་ཞེས་པ་ནི། བཀའ་བསྟན་གསུང་རབས་ཀྱི་སྐད་གནམ་ལྟར་མཐོ་བ་དེ་ལས་མར་བབས། བོད་རིགས་ཡུལ་ལུང་སྣ་ཚོགས་པའི་སྐད་རིགས་ཀྱི་ས་ནས་ཡར་ཐོན་པའི་ཉིང་ཁུ་སྤུས་དག་གི་སྤྱི་སྐད་ཅིག་དགོས་པ་ལས། དེ་མ་བྱུང་ཚེ།
སྡེ་དགེས་སྡེ་དགེའི་སྐད་ཆགས། །
ཨ་མདོས་མདོ་སྨད་སྐད་ལ་ཞེན། །
གཞན་པས་མདོ་ཁམས་སྐད་ལ་སྡང་། །
ཆགས་ཞེན་སྡང་བས་དོན་མི་འགྲུབ། །
དེས་ན་དཔྱོད་ལྡན་ཁོག་ཡངས་མཛོད། །
གསུང་རབས་སྐད་ལས་མར་བབ་ཅིང་། །
ཡུལ་ལུང་སྐད་ལས་ཡར་འཕགས་པའི། །
བར་གྱི་བོད་སྐད་དེ་གང་ཞིག །
ཀ་རྡོ་ལགས་ཀྱིས་གསུངས་རོགས་མཛོད། །
སྡེ་དགེ་སྐད་དེ་བཟང་ཤོས་ཞེས། །
སྡེ་དགེས་འདོད་པ་འོས་པ་སྟེ། །
ཨ་མདོས་ཨ་སྐད་བཟང་ངོ་ཞེས། །
ཁ་བརྡར་ཁེངས་པ་གཟིགས་ཡོད་ཤག །
དབུས་པས་དབུས་སྐད་བོད་སྐད་ཟེར། །
ཁམས་པས་ཁམས་སྐད་བཟང་ཤོས་ལོ། །
ཨ་མདོས་ཨ་སྐད་ཁུངས་ལྡན་བསྒྲགས། །
ཀྱེ་མ་བོད་སྐད་གང་དུ་ཡོད། །
ཁ་བརྡ་ལགས། ཀླུ་སྨྱོན་གྱིས་ཉིར་ཡོག་ལ་མཆན་བུ་ཞིག་ཕུལ་འདོད་ཀྱང་མཆན་བུ་འདོགས་ས་མིན་འདུག
མེ་ཏོག་དཀར་པོ་ལགས།
ལྷ་སའི་སྐད་དེ་ཡར་ཐོན་ཆེ་ཤོས་ལ། །
དེ་མཚུངས་མ་དག་རྒྱུན་འབྱམས་ཤིན་ཏུ་མང་།
དེས་ན་དྷ་སའི་སྐད་ལ་གཞི་བཅོལ་ནས། །
སྣོན་འཕྲིའི་དག་བཅོས་ཐུབ་ན་ཅིས་མི་མཐུས། །
དེ་མིན་སྟོད་སྐད་ཨམ་སྐད་ཁམས་སྐད་དང་། །
དབུས་སྐད་གཙང་སྐད་འབྲུག་སྐད་ལ་སོགས་ནས། །
གཅིག་ཉིད་གཞི་རྩར་བཟུང་འདོད་རང་ཤེད་ཀྱིས། །
སྤྱི་དོན་སྒྲུབ་ལ་རྩོད་པས་དཔུང་འཇོམས་འདྲ། །
དབུས་སྐད་མ་གཏོགས་བོད་སྐད་མེད་པ་མ་ཡིན་ཏེ། །
ཁམས་སྐད་ཨམ་སྐད་སྟོད་སྐད་ཚང་མ་བོད་སྐད་རེད། །
ད་དུང་ལ་དྭགས་འབྲུག་སྐད་སོགས་ཀྱང་བོད་སྐད་རེད། །
སྤྱི་སྐད་དེ་ཀུན་ནང་ཁྱབ་ཡར་ཐོན་སྐད་ཅིག་དགོས། །
མེ་ཏོག་དཀར་པོར་གྲགས་པའི་དྲྭ་གྲོགས་ལ། །
པད་མ་དཀར་པོའི་གདུལ་ཞིང་གངས་ཅན་བོད། །
བོད་རིགས་སྤྱི་སྐད་མཚན་ཉིད་མཚན་གཞིར་བཅས། །
ཕུལ་བ་འདི་ལ་དགའ་ཚོར་དགྱེས་ཉམས་མཛོད། །
ལ་ལས་བོད་སྐད་བོད་སྐད་མ་ཡིན་ཟེར། །
ལ་ལས་ལ་དྭགས་འབྲུག་སྐད་བོད་སྐད་ཟེར། །
བོད་ལ་བོད་ཀྱི་སྤྱི་སྐད་བསྒྲུབ་པའི་ཆེད། །
ལ་དྭགས་འབྲུག་སྐད་གཡར་འདོད་ཡོད་དམ་ཅི། །
བོད་པར་བོད་ཀྱི་རྒྱལ་ཁབ་མེད་པར་བརྟེན། །
བོད་ཀྱི་སྤྱི་སྐད་བསྒྲུབ་པ་དགོས་མེད་ཡིན། །
དེ་བས་དུས་ཚོད་ཆུད་ཟོས་མ་གཏོང་བར། །
རྒྱ་སྐད་དབྱིན་སྐད་སློབས་ཤིག་བོད་རིགས་ཚོ། །
ལྷ་སའི་ཁ་སྐད་སྦྱོང་དེབ་ཞིག་འདུག་པར། །
དེའི་ནང་ཡོད་པའི་སྐད་དེ་བོད་སྐད་དམ། །
ཡང་ན་ལྷ་སའི་སྐད་ཡིན་མ་ཤེས་པས། །
ཀ་རྡོ་ང་ལ་ལན་ཞིག་གསུངས་རོགས་མཛོད། །
ང་ཡི་བསམ་པར་ལྷ་ས་རང་ལ་ཡང་། །
སྐད་ཀྱི་ཚད་གཞི་མི་འདྲབཞི་ཡོད་དེེ། །
བརྡ་སྤྲོད་མཐུན་པའི་སྐད་དང་དེ་བཞིན་དུ། །
ཕལ་སྐད་ཟུར་ཆགས་འདྲེ་སྐད་ཡོད་པར་སྣང་། །
རིགས་པ་འདི་ཡིས་ཁམས་དང་ཨ་མདོ་དང་། །
སྟོད་དང་གཙང་པ་དེ་བཞིན་འབྲུག་ལ་དྭགས། །
ཡོང་ལ་སྐད་ཀྱི་ཚད་གཞི་བཞི་བཞི་བཅས། །
ཡོད་དོ་སྙམ་པའི་དོགས་པ་ང་ལ་ཡོད། །
དཔེར་ན་བཙན་བྱོལ་བོད་མིའི་སྐད་ལ་ཡང་། །
ཡ་གི་བཀའ་བློན་ཁྲི་པས་གསུང་བཤད་ནས། །
མ་གི་བུ་གསོ་ཁང་གི་བུ་ཆུང་གི །
སྐད་ལ་དཔྱད་ན་བདེན་ཁ་ཅུང་ཟད་ཡོད། །
དེ་བཞིན་ནང་མི་བཟའ་ཚང་གཅིག་ལ་ཡང་། །
ཕ་མ་གཉིས་དང་བུ་ཕྲུག་རྒན་གཞོན་གྱི། །
སྐད་ཀྱི་ཚད་གཞི་འདི་ལའང་ལེགས་གཟིགས་དང་། །
དཔྱད་གཞིར་འོས་པ་མི་ཉུང་རྙེད་པར་ངེས། །
མེ་ཏོག་དཀར་པོས་གསུངས་པ་ལྟར་བྱས་ན། །
སྐད་རིགས་ཚང་མར་དབྱེ་བ་བཞི་རེ་འབྱུང་། །
སྐད་རིགས་ཀུན་ལ་ནང་གསེས་བཞི་བཞི་རུ། །
དབྱེ་བ་དེ་ནི་ཅུང་ཟད་ཐལ་ཆེ་འདྲ། །
དེ་བས་བརྡ་སྤྲོད་གཞུང་དང་མཐུན་པ་ཡི། །
སྐད་ཡིག་ཡོད་པའི་ལུང་པ་གང་ཞིག་ལ། །
སྐད་ཡིག་ཚད་གཞི་བཞི་བཞི་ཡོད་དོ་ཞེས། །
བརྗོད་ན་ཅུང་ཟད་བློ་ལ་ཤོང་ངམ་སྙམ། །
གང་ལ་སྐད་ཡིག་ཡོད་པའི་ལུང་པ་རུ། །
བརྡ་སྤྲོད་གཞུང་དང་མཐུན་པའི་སྐད་ཡོད་ཅེས། །
བརྗོད་པའི་སྤོབས་པ་སུ་ལའང་ཡོད་མིན་པས། །
གལ་ཏེ་ཡོད་ན་དེ་ནི་ཅོལ་ཆུང་ཡིན། །
ཁོ་བོས་གོང་དུ་དོགས་གཞིར་བཀོད་པ་ལས། །
སྐད་ཡིག་ཀུན་ལ་བཞི་རེར་དབྱེར་ཡོད་ཅེས། །
གླུ་བརྒྱ་ངག་གཅིག་བྱས་པ་ཡོད་མིན་པས། །
ཆར་པ་མེད་པའི་འབྲུག་སྐད་མ་སྒྲོགས་ཤིག །
རྩེད་མོ་ཡིན།
དེ་བས་བརྡ་སྤྲོད་གཞུང་དང་མཐུན་པ་ཡི། །
སྐད་ཡིག་ཡོད་པའི་ལུང་པ་གང་ཞིག་ལ། །
སྐད་ཡིག་ཚད་གཞི་བཞི་བཞི་ཡོད་དོ་ཞེས། །
བརྗོད་ན་ཅུང་ཟད་བློ་ལ་ཤོང་ངམ་སྙམ། །
ཞེས་པའི་འབྲུག་སྐད་འདི་ལ་ཁོ་བོ་ཡིས། །
ཡི་རངས་དང་བཅས་བོད་ཀྱིི་སྤྱི་སྐད་ཅིག །
ངོས་བཟུང་དགོས་ཚེ་རིགས་པའི་གནད་འགག་འདིས། །
རང་རེར་ཕན་པ་ཅུང་ཞིག་འགྱུར་རམ་སྙམ། །
གང་ལ་སྐད་ཡིག་ཡོད་པའི་ལུང་པ་རུ། །
བརྡ་སྤྲོད་གཞུང་དང་མཐུན་པའི་སྐད་ཡོད་ཅེས། །
བརྗོད་པའི་སྤོབས་པ་སུ་ལའང་ཡོད་མིན་པས། །
གལ་ཏེ་ཡོད་ན་དེ་ནི་ཅོལ་ཆུང་ཡིན། །
མེ་ཏོག་དཀར་པོ་ལགས་ཀྱི།
ལྷ་སའི་ཁ་སྐད་སྦྱོང་དེབ་ཞིག་འདུག་པར། །
དེའི་ནང་ཡོད་པའི་སྐད་དེ་བོད་སྐད་དམ། །
ཡང་ན་ལྷ་སའི་སྐད་ཡིན་མ་ཤེས་པས། །
ཀ་རྡོ་ང་ལ་ལན་ཞིག་གསུངས་རོགས་མཛོད། །
དེའི་ལན་དུ།
སོག་སྐད་མ་གཏོགས་བོད་རིགས་ཐམས་ཅད་ཀྱི། །
བོད་ཀྱི་ནང་ཆོས་སྟོན་ཚད་བོད་སྐད་རེད། །
ལྷ་སའི་ཁ་སྐད་ལྷ་སའི་སྐད་ཡིན་ལ། །
ཨ་མདོའི་ཁ་སྐད་དེ་ཡང་བོད་སྐད་རེད། །
བོད་རིགས་སྤྱི་སྐད་ནི།
ལྷ་སའི་ཞེ་ས་ཡར་ཐོན་ཡིན་པས་ཡུལ་སྐད་གཞན་རྣམས་རྗེས་ལུས་རེད། །
འོན་ཀྱང་ལྷ་སའི་ཡོག་རེད་ཡོའོ་རེད་ཡིནའི་ལ་སོགས་ཤིན་ཏུ་ནོར། །
དེས་ན་སུམ་རྟགས་གང་མཐུན་དིང་དུས་སྤྱོད་བདེའི་སྐད་ཅིག་གསར་ཐོན་དགོས། །
དེ་ལ་ལྷ་སའི་ཞེ་སའི་སྟེང་དུ་དྷ་སའི་ཁ་སྐད་ཁ་སྐོངས་དག་ཐེར་བཅོས་པས་འགྲུབ། །
དཔེར་ན།
༸གོང་ས་མཆོག་ནི་ཨ་མདོ་ཡིན་ཡང་སྤྱི་སྐད་བསྐྱོན། །
བཀའ་ཁྲི་གཟབ་གདོང་མདོ་སྟོད་ཡིན་ཡང་སྤྱི་སྐད་གསུངས། །
ཨ་རིའི་རླུང་འཕྲིན་གཏོང་མཁན་ནོར་བུ་བསམ་འཕེལ་སོགས། །
དབུས་གཙང་ཡིན་ཡང་ལྷ་སའི་སྐད་ལྷག་སྤྱི་སྐད་སྤེལ། །
ཡིན་ནའང་།
གོང་གསལ་ཚད་མཐོའི་གསུང་སྐད་དེ་དག་ནང་། །
སུམ་རྟགས་མཐུན་དང་མི་མཐུན་བརྟག་དཔྱད་དང་། །
དག་ཆ་དག་དང་མ་དག་ཉམས་ཞིབ་ཀྱིས། །
སྤྱི་སྐད་འཐུས་ཚང་འགྲུབ་ལ་འགྲུས་ཤིག་གུ །
མཆན་་༡༦་པར་ནང་གཡུ་འབྲུག་ལགས་ཀྱི་ཤློ་ཀ་གཅིག་བཀོད་ནོར་ཤོར་སོང་ནས་དགོངས་དག
ཀ་རྡོ་ལགས།
ལྷ་སའི་ཁ་སྐད་ལྷ་སའི་སྐད་ཡིན་ལ། །ཞེས་པ་ལྷ་སའི་སྐད་དེ་བོད་ཀྱི་སྐད་ཡིན་ལ་གསུངས་རྒྱུ་ཡིན་པ་འདྲ།
དེ་མིན་ལྷ་སའི་ཁ་སྐད་ལྷ་སའི་སྐད་ཡིན་མིན་ལ་དོགས་པ་ག་ལ་སྐྱེ།