འོས་སྦྱོར་བ། རྫོགས་ཆེན་ཟླ་བ།
ཡབ་ཆེན་སྤྲེལ་རྒན་རྒྱལ་པོ་དང་མ་ཡུམ་བྲག་སྲིན་གཉིས་ཀའི་ཤ་ཁྲག་རིགས་རུས་ལས་ཆད་པའི་གདོང་དྲུག་ཆོལ་གསུམ་གྱི་བོད་མི་སྤུན་ཟླ་ཡོངས་ལ་སྒེར་གྱི་ཆ་འཕྲིན་བསྐུར་རྒྱུ་ལ། འཛམ་གླིང་ས་གཞིའི་རྩེ་མོ་ན་ནོར་བུའི་ཏོག་བཞིན་དུ་མངོན་པར་མཐོ་བའི་བོད་མིའི་མཚན་དང་སྙན་པ་དེ་མི་ཉམས་ཡུན་དུ་གནས་དང་མི་གནས་དེ། བོད་རང་ས་རང་ལག་ཏུ་ཡོད་རྒྱུའི་དམ་པའི་ལྷ་ཆོས་མདོ་སྔགས་ཟུང་འབྲེལ་གྱི་རིས་སུ་མ་ཆད་པའི་ཆོས་རིག་གཞུང་འདི་དང་ཁ་བྲལ་ཐབས་མེད་ནི་ཞིག་ཡིན་ན། འདི་ནི་རལ་པས་མ་ཡིན་དབྱུག་པས་མིན།། ལ་སོགས་པ་གསུངས་པ་ལྟར་གཞན་གང་གིས་ཀྱང་འཛིན་ཐབས་མེད།
འདི་གང་ཟག་རང་རྒྱུད་དུ་བཞུགས་པ་ཞིག་ཡིན་དུས་མཆོད་གནས་དགེ་འདུན་པ་ཐམས་ཅད་ཀྱིས་ནང་གང་ཟག་རང་རྒྱུད་ཀྱི་བསྟན་པ་དེ་རང་གིས་བྱི་དོར་བྱས་ནས། ཐུགས་མཐུན་ཁྲིམས་གཙང་གི་ཐོག་ནས་རེ་རེ་ཚོགས་པའི་ཐུན་མོང་གི་བསྟན་པ་གངས་རི་དཀར་པོའི་རྒྱན་ཆ་དེ་དུས་ཐམས་ཅད་དུ་དབུ་འཕང་མི་དམའ་ནས་ཡུན་དུ་གནས་ཐབས་དང་། སྐྱ་སེར་མཆོག་དམན་ཐམས་ཅད་ཀྱིས་མ་རབས་སྤྱོད་ངན་གྱི་བྱ་བ་ཐམས་ཅད་སྤངས། སྤྱི་དང་བྱེ་བྲག་གི་རིག་གནས་ཡོན་ཏན་ཐམས་ཅད་ལ་ངོམས་མེད་དུ་བསླབ། མྱི་འདྲ་འདྲའི་ནང་ནས་མི་འདྲ་བའི་ཁྱད་ཆོས། འཛམ་གླིང་མྱིའི་ནང་ནས་འབུར་དུ་ཐོན་པའི་བསམ་པ་དང་སྤྱོད་པ་བཟང་པོ། ཐམས་ཅད་ཀུན་གྱིས་སྨོན་ས་ཞིག་མྱི་རེ་རེའི་ངོས་ནས་ཡིན་ན་བྱས་བསྡད་དེ། རིགས་ཀྱི་རུས་པ་དཀར་པོས་ཕ་རུས་མ་ཁུངས་མི་བརྗེད་པའི་སྟེང་ནས། སེམས་མཐུན་བསམ་པ་ཆིག་སྒྲིལ་གྱི་གོང་བུ། མྱི་གཅིག་བསམ་པའི་སེམས་འདྲ་འདྲ། གཞོག་གཅིག་སྟ་རེའི་སོ་འདྲ་འདྲ་ཞིག་བྱེད་རྒྱུ་མྱི་རབས་སྔོན་མ་ཚོའི་བསམ་འདུན་རེད། མ་འོངས་ཡར་རྒྱས་ཀྱི་གཞི་མ་རེད། ཕྱིས་འབྱུང་མདུན་ལམ་གྱི་སྒྲོན་མེ་ཡིན་པས་མི་ཚད། མྱིག་གིས་དམའ་བལྟས། སེམས་ཀྱིས་དམན་ལམ་ལ་མི་བསྙག་ཏེ། བློ་སེམས་འཕང་ཡར་ལ་བསྟོད་དང་། བསྒྲུབ་ན་མི་འགྲུབ་རྒྱུའི་བྱ་བ་ཞིག་སྲིད་ན་ཡོད་ནི་མ་རེད།
དེས་ན་རང་དཔེ་གཞན་སྟོན་ཆོག་སྤྱད་གི་ཡ་རབས་ཚུལ་ལྡན་གྱི་བསམ་སྤྱོད་ཀྱི་ཐོག་ནས། བོད་མིའི་ཆོས་དང་རིག་གཞུང་གིས་འཛམ་གླིང་མིའི་རིགས་ཀྱི་སྤྱི་ཚོགས་འདི་ལ་བདེ་སྐྱིད་གསར་པའི་སྒོ་འཕར་ཞིག་འབྱེད་རྒྱུའི་ལམ་སྟོན་མིག་ལྟོས་ཕེར་སྤྱད་ཀྱི་སྣེ་ཁྲིད་བྱེད་རྒྱུ་ནི། སྐབས་ལ་ཁེལ་བའི་དགོས་དོན། ཕྲག་ཏུ་བབ་པའི་ལས་འགན་དུ་འཛིན་རྒྱུ་དེ་འཆུག་མི་ཉན་རྒྱུའི་བྱ་བ་ཞིག་རེད་ཟེར་རྒྱུ་དེ། ལྷག་བསམ་གཙང་མའི་སྐད་བསྐུར་ཡིན།
རྫོགས་ཆེན་པདྨ་སྐལ་བཟང་རིན་པོ་ཆེའི་གསུང་། ༼ཁ་བའི་མེ་ཏོག༽དུས་དེབ་ལས།
ཚིག་སྦྱོར་གྱི་ཆ་ནས་ཆོས་སྐད་རང་གནངས་ཡོད་ས་རེད། ཆོས་མེད་མི་ནག་ཞིག་གིས་བཀླགས་ན་དེ་འདྲའི་ཁ་ལྕེ་དང་མཐུན་པ་མི་འདུག་པས། ཡིད་ཚོད་ལ་གཞི་བཅོལ་ནས་གོ་བ་ཞིག་ཨེ་རག་བལྟས་ཡོད། སྐད་བསྐུར་འབྱོར་ཐལ། ནང་དོན་ཡག་པ་ཞིག་མ་གོ་ཐལ། རིན་པོ་ཆེ་ལ་འདི་ལྟར་ཡར་ཞུ་གནང་རོགས།