སྐྱོ་བྲག་དགའ་དབང་། (བརྙན་པར་ལྷན་དུ་བཀོད་པ་དག་ཡིན།)
༡༽ མཐོ་སྒང་བོད།
འཛམ་གླིང་གི་གླིང་སྣེ་གསུམ་པར་གྲགས་པ། མཐོ་སྒང་བོད་ནི། རི་བོའི་སྒང་གཤོང་མང་། ཆུ་བོའི་བཞུར་རྒྱུན་མགྱོགས། གནམ་གཤིས་མཁའ་དབུགས་དྭངས། རྩྭ་སྔོན་འཇམ་པོས་ཁེབས། མེ་ཏོག་སྣ་ཚོགས་བཀྲ། རྩི་ཤིང་འདབ་ལོ་གཡོ། རི་དྭགས་བག་ཡངས་རྒྱུ། སྒོ་ཕྱུག་སྤུ་སྡུག་ངོམས། དེ་ལ་སོགས་པའི་ཁྱད་ཡོན་ལ་བསམ་ན། ཞིང་ཁམས་སུ་བསྒྲགས་པ་ཡང་སྒྲོ་འདོགས་རྐྱང་མིན། ཡང་། ཁ་ཆར་བུ་ཡུག་ཁྲོད། ལ་ལུང་ཐགས་སུ་བྲན། གོས་མཐའ་ལྕག་ཏུ་བྲབ། མགོ་ཁ་བ་ལ་ཞྭ། རྐང་བ་མོ་ལ་ལྷམ། གདོང་པར་སེར་ཁ་རྒྱུག །རྐང་ལག་བྱ་སུག་འདྲ་བ་སོགས། སྔར་གྱི་གནས་ཚུལ་ཡིད་ལ་འཁོར་བ་ན། སྙིང་ལ་ཚ་ཤར་ཡང་རྒྱག་ཡོང་གི་འདུག །
༢༽ དབྱར་ཁའི་བོད།
སྔོ་ལྗང་གཡུ་ལོ་འཁྲིགས་པའི་ཁྲོད། །མེ་ཏོག་སྣ་ཚོགས་རང་མདངས་ངོམ། །བདེ་འཇམ་ཡངས་པའི་སྤང་ལྗོངས་ནི། །དབྱར་ཀའི་དུས་ཀྱི་བོད་ཡུལ་ཉིད། །
༣༽ དགུན་ཁའི་བོད།
ཁ་བའི་འདབ་ལོ་དགའ་ནས་ཉལ་བ་འདྲ། །གྲང་རླུང་སྐྱ་མོས་ལ་ལུང་ཉུལ་བ་འདྲ། །གཙང་ཆབ་སྔོན་མོ་འོག་ཏུ་ཡིབ་པ་འདྲ། །རྩྭི་ཤིང་མྱུག་གུ་སྐྲག་ནས་ཤི་བ་འདྲ། །
༤༽ ཕ་ཡུལ།
བྲག་རི་དཀར་པོའི་དབུ་རྩེ་མཁའ་ལ་འཕྱོ། །སྤང་ལྗོངས་གཡུ་ཞུན་ས་ལ་བྱུགས་པའི་སྟེང་། །དཀར་དམར་མཛེས་པའི་མེ་ཏོག་ལང་ཚོ་ངོམ། །རྐང་དྲུག་འཕུར་ལྡིང་རྩེན་པའི་ཡུལ་འདི་སྐྱིད། །
༥༽ ཞོགས་པའི་ཕ་ཡུལ།
ས་གཞི་རིལ་མོ་འཁོར་བའི་འགྲོས་དང་བསྟུན། །ལྟེ་ཁྲག་འཕོས་པའི་ཕ་ཡུལ་རི་བོའི་རྩེ། །སྐར་ཁྱིམ་དབུས་ཀྱི་ཉི་མར་ཕྱོགས་པ་ན། །སྤྲིན་པའི་གསེང་ནས་གསེར་འོད་འཕྲོ་འམ་སྙམ། །
༦༽ བྱང་ཁའི་མཚམས་སྤྲིན།
བྱང་ཐང་རྩྭ་སྔོན་འཇམ་པོས་ཁེབས་པའི་ངོགས། །དལ་འབབ་ཆུ་བོ་པ་ཏྲའི་རི་མོ་བྲིས། །ཉི་འོད་ཕོག་པའི་མཚམས་སྤྲིན་གསར་པ་འདིས། །ཕག་མོའི་ཞིང་ན་སླེབ་པ་ལྟ་བུར་བྱེད། །
༧༽ གངས་རི།
གངས་ཅན་རི་བོའི་རྩེ་མོ་ན། །བཀོད་པ་མཛེས་པའི་སྤྲིན་དཀར་ལ། །རྐང་འཐུང་གཞོན་ནུའི་ལང་ཚོ་དག །འགྲན་པའི་ཚུལ་དུ་བལྟ་འམ་སྙམ། །
༨༽ གཙང་ཆབ།
གངས་དཀར་ཆབ་ཏུ་བཞུར་བའི་རྒྱུན། །སྤང་ལྗོངས་མཛེས་པའི་འགྲམ་ངོགས་ནས། །དལ་བོར་ལྷུང་ལྷུང་སྒྲ་བཅས་པ། །རྒྱུ་བའི་བཀོད་པ་སྙིང་ན་མཛའ། །
༩༽ ཁྲུང་ཁྲུང་ཁྱོ་ཤུག །
ཡངས་པའི་ཐང་ན་རྩི་ཤིང་འདབ་ལོ་གཡོ། །ཉི་མའི་དཀྱིལ་འཁོར་ཆུ་ལྷའི་ཕང་བར་བྱོལ། །མཛའ་བརྩེའི་ཁྱོ་ཤུགས་གླུ་དབྱངས་དགུང་ན་གཏོད། །འདི་ནི་སྙིང་གྲོགས་དྲན་པའི་གསོས་སུ་གྱུར། །
༡༠༽ དབེན་གནས།
གངས་རི་དཀར་པོའི་དབུ་རྩེ་མཁའ་དབྱིངས་ན་ཟུག་པ། །ལྗོན་ཤིང་གཡུ་ལོའི་ཡལ་འདབ་ཕྱོགས་མཐའ་རུ་གྱེས་པ། །རི་སྐྱེས་བུ་མོའི་ཁྱུ་ཚོགས་བག་ཡངས་སུ་རྒྱུ་བ། །བྱ་བྱེའུ་སྐད་འགྱུར་འཐེན་པའི་དབེན་གནས་འདི་སྐྱིད་ཨང་། །
༡༡༽ ལ་དྭགས།
སེངྒེ་ཁ་འབབ་ནུབ་ཏུ་རྒྱུ་བའི་ངོགས། །རི་ལུང་བྱེ་མས་བཟུང་བའི་མྱ་ངམ་ཐང་། །སྐྱེ་བོའི་གྲངས་ཉུང་སྣ་མང་རིག་གནས་ཅན། །མང་ཡུལ་ལ་དྭགས་ཡུལ་གྱི་བཀོད་པ་ཡིན། །
༡༢༽ ལ་དྭགས།
རྒྱུན་འབབ་ཆུ་བོའི་གཡས་གཡོན་ཡར་མར་དུ། །འབད་པས་བཙུགས་པའི་ཤིང་རྣམས་སྐྱེས་གྱུར་པས། །བྱེ་མའི་རི་ཐང་ལ་དྭགས་ས་ཆར་ཡང་། །སྔོ་ལྗང་གྲོང་པ་གང་སར་མཐོང་དུ་ཡོད། །
༡༣༽ སྟབས་ལེགས་རྫོང་།
སྒང་གཤོང་སྦྲེལ་བའི་རི་སུལ་ན། །རྩི་ཤིང་ཡལ་གའི་གར་སྒྱུར་ཞིང་། །སྨུག་སྤྲིན་སྙན་པའི་སྒྲ་ལྡན་པ། །ལྷ་ཡི་ཡུལ་བཞིན་ཡི་གར་འོང་། །
༡༤༽ འབྲས་ལྗོངས།
ཧི་མ་ལ་ཡའི་ལྷོ་ཕྱོགས་རི་བོའི་སུལ། །ལ་ལུང་སྤོས་རྒྱའི་རི་མོ་བཞིན་དུ་བསྣོལ། །རྩི་ཤིང་ནགས་ཀྱི་ཕ་ས་འབྲས་མོ་གཤོངས། །ངལ་གསོའི་སྨུག་སྤྲིན་དལ་བུས་མཁའ་ལ་འཕྱོ། །
༡༥༽ འབྲས་ལྗོངས།
ཆུ་ཁུར་ལྕི་བའི་སྤྲིན་གྱི་ཚོགས། །རི་བོའི་ཕང་ན་དལ་བོར་ཉལ། །ལྗོན་ཤིང་སྟུག་པོའི་ཡལ་གའི་སྟེང་། །པྲ་དང་སྤྲེའུས་ཡང་རྩལ་སྦྱོང་། །
༡༦༽ རུམ་བཏེག །
རྒྱལ་དབང་ཀརྨ་པའི། །འོག་མིན་ཕྲིན་ལས་གནས། །གདན་ས་རུམ་བཏེག་ཏུ། །སྦྲང་ཆར་ཟེགས་མ་འབབ། །
༡༧༽ མཛེས་བཀོད།
གངས་དཀར་གྱི་རི་བོས་མུ་ཁྱུད་བྱས་པའི་ནགས་ཀློང་སྟུག་པོའི་ཁྲོད་ན་ལྷང་ངེར་འགྱིང་བའི་ཁང་བཟང་གི་མདུན་ན། བསིལ་ལ་དྭངས་པའི་ཆུ་རྫིང་གི་ནང་ནས། ཀླུ་རྒྱལ་ཞི་བའི་གཟུགས་ཅན་དགོས་འདོད་སྟེར་བ་ལ་རིངས་པར་ཆས་པ་འདྲ་བའི་བཀོད་པ་འདི། ལྷའི་བཟོ་བོའི་འཕྲུལ་རྩལ་ལས་བྱུང་ངམ་སྙམ་མོ། །
༡༨༽ སྤྲིན་རིས།
གུ་རུའི་སྦས་གནས་འབྲས་མོ་གཤོངས་ཀྱི་དབུས། །ར་ལང་དཔལ་ཆེན་ཆོས་གླིང་བཀོད་པ་ལ། །བལྟ་བའི་ཆེད་དུ་ལྷ་རྣམས་འོང་པ་ན། །ངོ་མཚར་སྤྲིན་གྱི་རི་མོ་བསྟན་ནམ་སྙམ། །
༡༩༽ སྨུག་སྤྲིན།
སྔོ་ལྗང་གཡུ་ལོའི་གསེང་ནས་ཆུ་བོའི་རྡུལ། །ཚ་བའི་རླབས་ཀྱིས་མཁའ་ལ་དེངས་པ་རྣམས། །ཕྱོགས་ཕྱོགས་འདུས་པའི་སྤྲིན་པ་མཐུག་པོ་དག །རི་རྩེ་མ་ཆོད་ངལ་བས་ཉལ་བ་འདྲ། །
༢༠༽ མཁའ་སྤྲིན།
ཆུ་ཁུར་ཡང་བའི་སྤྲིན་པ་སྲབ་མོ་དག །མཐོན་པོའི་རི་རྩེ་བརྒལ་ནས་བྱང་ཕྱོགས་ཆ། །བོད་ཡུལ་དག་ཏུ་ཆར་པའི་རྒྱུན་འབེབ་པ། །འདི་ཀོ་འཇིག་རྟེན་མེས་པོས་བྱས་སམ་སྙམ། །
༢༡༽ ཧ་ལོ་མེ་ཏོག །
དམར་བའི་མདངས་ལྡན། །ཆུ་ཡི་ཟེག་མ། །མིག་གི་བདུད་རྩི། །ཡིད་འོང་མེ་ཏོག །
༢༢༽ མེ་ཏོག །
ལྕུག་ཕྲན་ཡལ་གའི་རྩེ་མོ་ན། །དམར་གསལ་མཛེས་པའི་ལང་ཚོ་ཅན། །ཡིད་ཀྱི་མེ་ལོང་ངོས་འཕོས་ཚེ། །ཞི་བདེའི་སྣང་བ་དགུང་དུ་འཕྱུར། །
༢༣༽ ཞོགས་པ།
ཕྱོགས་ཀྱི་ནམ་མཁའ་སྲེ་བོ་ཐལ་བའི་མདོག །ཁོར་ཡུག་རི་བོ་གཤིན་རྗེའི་མཆེ་བ་ལངས། །ལྗོན་ཤིང་འདབ་ལོ་བདུད་ཀྱི་གཡབ་མོ་སྟེ། །ཞོགས་པའི་དུས་ན་སྲིན་ཡུལ་ལྟ་བུར་མཐོང་། །
༢༤༽ ཞོགས་པ།
སྔོ་ལྗང་གཡུ་ལོ་བཀོད་པའི་ཞིང་གི་སྤོར། །དཀར་བའི་སྨུག་པ་ངལ་གསོའི་ཚུལ་དུ་རྒྱུ། །ཆར་སྤྲིན་སྲབ་མོ་བྲེས་པའི་ཁོང་གསེང་ནས། །མཐོན་པོའི་རི་རྩེས་ཉི་མར་རྒྱང་བལྟ་བྱེད། །
༢༥༽ ཞོགས་པ།
དྭངས་པའི་མཁའ་ནས་གསལ་བའི་ཉི་འོད་འཕྲོས། །མཐོ་བའི་རི་རྩེའི་ཁ་བའི་རྡུལ་ལ་ཕོག །མཛེས་པའི་ཡུལ་བཀོད་བྲིས་པའི་རི་མོ་འདྲ། །སེམས་པའི་ཀློང་ནི་དགའ་བའི་ཚོར་བས་མྱོས། །
༢༦༽ རྒན་པ།
ཡུན་རིང་ལོན་པའི་ཤིང་རྒན་རྩེར། །གསོད་ལ་རྔམ་པའི་ཁྲ་རྒན་བབས། །འོག་ཏུ་ཁོ་བོ་བན་རྒན་ཉལ། །ནུབ་མཐའ་འགྲིམ་པའི་ཉི་རྒན་འདེས། །
༢༧༽ ཉི་ནུབ།
མཐའ་སྐོར་རི་བོ་ཡོལ་བ་བྲེས་པ་འདྲ། །དལ་འབབ་ཆུ་བོ་མདུན་དར་བཞག་པ་འདྲ། །ཉི་མའི་དཀྱིལ་འཁོར་ནུབ་ཏུ་བྲོས་པ་འདྲ། །མུན་པའི་དཔུང་ཆེན་ཤར་ནས་སླེབ་པ་འདྲ། །
༢༨༽ དགོང་མོ།
མུན་པའི་ལམ་ལ་འཇུག་སྤྲོ་བའི། །སྙིགས་དུས་སྐྱེ་བོའི་སྤྱོད་པ་ལ། །ས་ཆེན་ཁྲོས་པས་ཟོས་པ་ན། །ཁྲག་ཞག་མཁའ་ལ་འཐོར་བ་འདྲ། །
༢༩༽ དགོང་མོ།
ཉི་མའི་དཀྱིལ་འཁོར་ནུབ་མཐའི་ཕང་ན་བྱོལ། །རི་ལུང་ཐམས་ཅད་རབ་རིབ་གཟུགས་སུ་གྱུར། །མུན་པའི་སྣང་བ་ཕྱོགས་རྣམས་ཀུན་ནས་འཐིབ། །བདག་གི་ལུས་ཀྱང་འཇམ་པའི་མལ་ན་ཆས། །
༣༠༽ སྟོན་ཟླ།
ས་ཆེན་འདི་ནས་ཉི་མ་ཡོལ་བ་ན། །སྟེང་འོག་ཕྱོགས་མཚམས་མིག་སྨན་ལྟ་བུའི་ཚེ། །ཉ་གང་ཟླ་བ་མཁའ་ལ་འཕགས་པ་ནི། །སྣང་བའི་དགའ་སྟོན་སྦྱིན་པའི་གསོས་སུ་གྱུར།
༣༡༽ སྟོན་ཟླ།
ལས་ཀྱི་རླུང་ངམ་དངོས་པོའི་འཐེན་ཤུགས་ཀྱིས། །འཛམ་གླིང་འདི་ལ་མ་བུའི་བརྩེ་དུངས་ཅན། །ཟླ་དཀར་མཁའ་ལ་འཕགས་པའི་བསིལ་ཟེར་འོག །འཛུམ་པའི་མེ་ཏོག་སེམས་ཀྱི་གྲོགས་སུ་གྱུར། །