བཙན་གསེར་ཞུན་དུ་འབོད་པ་ནས།
—- ཉིན་འདི་དག་ལ་སྐད་འཕྲིན་ལས་དགོས་མེད་ཀྱི་དོན་བྱ་མང་པོ་ཞིག་མཐོང་བའི་ལན་དུ།
ཅི་ཞིག་བཤད་ནས་གང་ཞིག་ཤོད་ན་འགྲིག་གམ་མི་འགྲིག་གྲོགས་པོ་ལགས།།
ཇི་ལྟར་བཤད་ཅིང་ཅིའི་ཕྱིར་བཤད་དགོས་ཁྱོད་ཀྱིས་བསམ་མམ་མ་བསམ་ཀྱེ།།
བཤད་རྒྱུ་དེ་ལ་ནུས་ཤུགས་ཆེའམ་འཆད་ཀྱིན་འཆད་ཀྱིན་ཅི་འདྲ་རེད།།
བཤད་བྱ་དེ་ལ་གནས་ལུགས་འདུག་གམ་ཉན་ཀྱིན་ཉན་ཀྱིན་གང་འདྲ་རེད།།
སྐད་འཕྲིན་ལམ་ནས་སྐད་ཆ་བཤད་ན་ཁྱོད་རང་ཁ་བདེ་ལྕེ་བདེ་ཞིག།
ཁ་ལག་འགུལ་ནས་དུས་ཚོད་བསྐྱེལ་ན་ཁྱོད་རང་ཨ་ཁོམ་ད་ཁོམ་ཞིག།
སེམས་ལ་གང་དྲན་ལག་ནས་བྲིས་ན་ཁྱོད་རང་མི་དྲན་དགུ་དྲན་ཞིག།
གནས་ལུགས་དུ་མས་འདེད་ཕྱིར་ཡོང་དུས་ཁྱོད་རང་རྫུན་མ་རྡར་མ་ཞིག།
གཞན་གྱིས་གང་བཤད་བརྟག་པ་མེད་པར་ཁྱེད་ཀྱིས་དེ་བཞིན་འགོད་རྐྱང་བྱས།།
གཞན་གྱིས་གང་བྲིས་གནང་བ་མེད་པར་ཁྱེད་ཀྱིས་དེ་བཞིན་ཁྱེར་རྐྱང་བྱས།།
རང་གིས་གང་བསམ་གནས་ལུགས་ཡོད་མེད་རང་ཉིད་ཁོམ་དུས་སྤེལ་རྐྱང་བྱས།།
ཚིག་གི་དགག་ལན་དོན་གྱི་གནད་ཞིག་ཐོན་དུས་མ་རིག་མ་གོ་བྱས།།
ཁྱོད་ཀྱིས་ལག་པ་བྲང་ཁར་བཞག་ནས་ཞིབ་འདང་བྲག་རི་བརྩིག་ཨེ་མྱོང་།།
ཁྱོད་ཀྱིས་སེམས་པ་ནང་ལ་བཀུག་ནས་བསམ་བློའི་ཆུ་རྒྱུན་བཞུར་ཨེ་མྱོང་།།
ཁྱོད་ཀྱིས་གང་བཤད་ཕན་གནོད་ཇི་ཡོད་དེ་ལ་བསམ་བློ་བཏང་ཨེ་མྱོང་།།
ཁྱོད་རང་ཀུན་གྱི་རྩོད་གཞིར་གྱུར་བ་སྐབས་རེར་ཁྱེད་ཀྱིས་རྟོགས་ཨེ་ཡོད།།
སྐད་འཕྲིན་སྐད་འདི་མྱུར་ཡང་སྐད་ཆ་འགའ་ཤས་མྱུར་ན་སྐྱོན་དུ་འགྱུར།།
སྐྱོན་དེ་སྐད་འཕྲིན་བར་གསེང་མྱུལ་དུས་རྣམ་རྟོག་འདྲེ་ཡིས་དཔུང་རོགས་བྱས།།
འདྲེ་དེ་ཁྱོད་ཀྱི་ཁོག་ལ་འཛུལ་དུས་ཁྱོད་རང་སྐད་འཕྲིན་བཞིན་དུ་གྱུར།།
དེ་དུས་ཁྱེད་ཀྱི་རིན་ཐང་དེ་ཡང་མི་ཁའི་བར་ན་ཉམ་རེ་ཆུང་།།
ད་ནི་བསམ་པའི་ཆུ་རྒྱུན་དེ་ནི་གྲོག་རོང་རྔམ་ནས་ཕྱི་རུ་འཆོང་།།
བྱ་བྱེད་གང་ལ་ཡིད་རྟོན་མ་བྱེད་རང་གི་སེམས་ནས་དཔྱད་བསྡུར་བྱོས།།
རང་བཞིན་གཉིས་ཀྱི་འཕྲལ་ཕུགས་བསམ་ནས་རང་གི་བསམ་བློར་བཙོ་སྦྱང་བྱོས།།
འདི་ནི་ང་དང་ཁྱོད་ལ་མཁོ་ཞིང་ཁ་སང་དེ་རིང་དགོས་བའི་མཆོག།
དེ་བདེན་པ་རེད་འདུག